སྦེལ་ཀོབ་དབུས་གཙང་ཚོགས་པའི་སྒྲོལ་མ་འབུམ་ཚོགས།
ཟླ་འདིའི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ས་གནས་དབུས་གཙང་རྒྱུན་ལས་ཀྱི་གོ་སྒྲིག་འོག ༸རྒྱལ་བའི་ཞབས་རིམ་དང་། བོད་མི་རང་ལུས་མེར་སྲེག་གཏོང་མཁན་དག་གི་ཆེད་དུ་སྒྲོལ་མ་འབུམ་ཚོགས་ཤིག་འགོ་འཛུགས་ཞུས་ཡོད་པ་རེད།
ས་གནས་དབུ་གཙང་ཚོགས་གཙོ་རིན་ཆེན་ནོར་བུས་སྒྲོལ་མ་འབུམ་ཐེར་གསོག་སྒྲུབ་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་བྱེད་དོན། “ང་ཚོས་ལོ་རྟག་པར་༸རྒྱལ་བའི་ཞབས་རིམ་དང་བོད་དོན་ཆེད་སྒྲོལ་མ་འབུམ་ཚོགས་རེ་འཚོག་གི་ཡོད་རེད་ལ། ད་ལོར་བོད་ནང་ནས་ད་ལྟའི་བར་དུ་བོད་མི་ ༡༡༤ རང་ལུས་མེར་སྲེག་བཏང་ཟིན་པའི་གནས་ཚུལ་བྱུང་བ་རེད། རྒྱལ་གཅེས་དཔའ་བོ་ཁོང་རྣམས་ཀྱིས་དམིགས་ཡུལ་གཙོ་བོ་གསུམ་རེད། ༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པ་དང་། བོད་ལ་རང་དབང་དང་རང་བཙན་དགོས་པ། ཆོལ་གསུམ་བོད་མི་གཅིག་སྒྲིལ་དགོས་པ་དེ་དག་གི་དམིགས་ཡུལ་དེ་འགྲུབ་པའི་ཆེད་དུ་ང་ཚོས་སྒྲོལ་མ་འབུམ་ཚོགས་འདི་འཚོགས་གི་ཡོད། ” ཅེས་བརྗོད་སོང་།
ས་གནས་དབུས་གཙང་གི་སྒྲོལ་མ་འབུམ་ཚོགས་དེ་ཚེས་ ༥ ནས་ ༡༢ བར་ཉིན་བརྒྱད་ཀྱི་རིང་ལ་འཚོག་རྒྱུ་ཡིན་པ་དང་། སྒྲོལ་མ་འབུམ་ཚོགས་ཀྱི་ཉིན་དང་པོར་ས་གནས་ཀྱི་མི་མང་གྲངས་བཞི་བརྒྱ་ཙམ་ཉམས་འཛོམས་བྱུང་འདུག འབུམ་ཚོགས་གོ་སྒྲིག་པས་གདན་ས་ཆེན་པོ་སེ་ར་སྨད་ནས་འཆམ་ནག་ཐེག་ཆེན་རིན་པོ་མཆོག་གདན་ཞུས་ཀྱིས། སྒྲོལ་མའི་ལྗགས་ལུང་དང་སྒྲོལ་མའི་ཕན་ཡོན་བཅས་ཀྱི་བཀའ་ཆོས་ཡང་གནང་ཡོད་པ་རེད།
སྐབས་དེར་རིན་པོ་ཆེ་མཆོག་གིས་ནང་པ་སངས་རྒྱས་པས་ཆོས་བྱེད་པའི་སྐབས་ལ་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་རྒྱུ་དང་། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རྒྱུ་ནི་མེད་དུ་མི་རུང་བ་ཞིན་སྐོར་དང་། ལྷག་པར་ཆོས་བྱེད་པའི་སྐབས་སུ་ཆོས་ཇི་ལྟར་བྱེད་དགོས་ཀྱི་ཡོད་མེད་ཤེས་དགོས་པ་ལས། ཆོས་ཆོས་བཞིན་དུ་མ་བྱས་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཀྱི་ཡོད་པས། ཆོས་ཉན་པའི་སྐབས་སུ་སྣོད་གྱི་སྐྱོན་གསུམ་དང་བྲལ་བ་ཞིག་དགོས་པའི་བཀའ་སློབ་གནང་སོང་། འབུམ་ཚོགས་ཀྱི་ཉིན་ཐ་མའི་ཉིན་སེར་བྱེས་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན་མཆོག་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་ཞིག་ཀྱང་གནང་རྒྱུ་ཡིན་པ་རེད་འདུག །
མེ་སོར་གསར་འགོད་པས།