ར་ལང་དཔལ་ཆེན་ཆོས་གླིང་དུ་བསྟན་སྲིད་སྤྱི་རིམ།
ཟླ་འདིའི་ཕྱི་ཚེས་༡༡ ཉིན་ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཤར་ར་ཝང་ལར་ཡོད་པའི་དཔལ་ཆེན་ཆོས་གླིང་དུ་བསྟན་སྲིད་སྤྱི་རིམ་ཆེད་མཚུར་ཕུ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་དབུ་བཞུགས་ཀྱིས་ཟབ་བདུན་ཕུར་སྒྲུབ་ཆེན་མོ་དང། མ་ཎི་དུང་སྒྲུབ་བཅས་གསོག་སྒྲུབ་གནང་བཞིན་ཡོད་འདུག
དེ་ཡང་མཁན་པོ་སྐྱོ་བྲག་དགའ་དབང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་མི་རིགས་དང་བསྟན་སྲིད་ཀྱི་གནས་བབ་གཉན་འཕྲང་ཅན་དུ་བསླེབས་པའི་ཉེན་ཚབས་བློས་མ་བཟོད་དེ། བོད་མི་རིགས་ཁོར་ཡུག་རིག་གཞུང་དང་བཅས་པའི་དཀའ་ཚེགས་རྒྱལ་སྤྱིས་ཤེས་རྟོགས་ཡོང་ཆེད། སོ་སོའི་གཅེས་པའི་ལུས་སྲོག་ཀྱང་ཕངས་མེད་བཏང་སྟེ་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས། ཞིང་མཆོག་པོ་ཊ་ལར་སྐྱེ་བའི་ཆེད་དུ་དམིགས་ནས་གཞུང་སྒེར་མང་པོས་སྔ་རྗེས་སུ་དགེ་རྩ་གསོག་སྒྲུབ་བྱས་དང་བྱེད་བཞིན་ཡོད་པ་ལས། ད་ཆར་འབྲས་ལྗོངས་ར་ལང་དཔལ་ཆེན་ཆོས་གླིང་དུ་མཚུར་ཕུ་གོ་ཤྲི་༧རྒྱལ་ཚབ་རིན་པོ་ཆེ་དབུ་བཞུགས་ཀྱིས་སེར་སྐྱ་མི་མང་རྣམས་ནས་རིས་མེད་བསྟན་འགྲོའི་བདེ་རིམ་ཟབ་བདུན་ཕུར་སྒྲུབ་ཆེན་མོའི་སྐབས་དང་བསྟུན་ཏེ། ཕྱི་ལོ་༢༠༡༣ ཟླ་༤ ཚེས་༡༡ ནས་ཚེས་༢༡ བར་མ་ཎི་དུང་སྒྲུབ་གྲངས་གསོག་གནང་གིན་ཡོད་ལ། ཕྱོགས་མཐར་བཞུགས་པའི་དད་ལྡན་མི་མང་རྣམས་ནས་ཀྱང་མ་ཎི་གང་ཐུབ་གསོག་གནང་ཡོང་བའི་རེ་བསྐུལ་དང་། དུས་བཀག་ནང་ཚུད་མ་ཎི་བགྲང་ཐོ་དང་། སླད་མ་ཎི་བགྲང་ཐོའི་ཞལ་བཞེས་ཡོད་ན། གཤམ་གསལ་གློག་འཕྲིན་)Email) ཐོག་བཀའ་ལན་ཞིག་གནང་རྒྱུ་བྱུང་ན་བཀའ་དྲིན་ཆེ། ཞེས་༸རྒྱལ་ཚབ་བླ་བྲང་གིས། ༢༠༡༣ ཟླ་༤ ཚེས་༥ ཉིན་སྤེལ་འདུག གང་ཟག་སྒྲུབ་པ་པོ་མང་པོས་ལྷན་དུ་དགེ་རྩ་གསོག་སྒྲུབ་ཀྱི་གོ་སྐབས་བྱུང་ན། ཕན་ཡོན་དང་འགྱུར་ཁྱད་བླ་ལྷག་ཏུ་ཆེ་བར་གསུངས་པས་ཀུན་གྱིས་ཐུགས་སྣང་ཅི་ཆེ་གནང་སྐྱོང་ཡོང་བ་ཞེས་ཀྱང་འབོད་སྐུལ་གནང་ཡོད་པ་རེད།།
