སྒྱུ་རྩལ་གྱི་ལམ་ནས་བོད་དོན་དྲིལ་བསྒྲགས།

2013_4_11_3

མདང་དགོང་བོད་རིགས་ན་གཞོན་སྒྱུ་རྩལ་བ་རྟ་མགྲིན་ཚེ་བརྟན་གྱིས་“སྒྱུ་རྩལ་གྱི་ལམ་ནས་བོད་དོན་འཐབ་རྕོད”་ཅེས་པའི་འགྲེམས་སྟོན་མཛད་སྒོ་ཞིག་འཚོགས་ཏེ། ཁབ་གཙགས་རི་མོ་གཙོས་སྒྱུ་རྩལ་འདྲ་མིན་གྱི་ཐད་ནས་བོད་དོན་དྲིལ་བསྒྲགས་བྱས་སོང་།

2013_4_11_1

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་དགོང་དྲོའི་ཆུ་ཚོད་༤ པའི་སྟེང་མེག་གྷན་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ། ན་གཞོན་སྒྱུ་རྩལ་བ་རྟ་མགྲིན་ཚེ་བརྟན་གྱིས་“སྒྱུ་རྩལ་གྱི་ལམ་ནས་བོད་དོན་འཐབ་རྕོད”་ཅེས་པའི་འགྲེམས་སྟོན་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་སྐུ་འགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ། གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་བཅས་གདན་འདྲེན་ཞུས་འདུག་ལ། དེ་བཞིན་ཐེངས་འདིའི་འགྲེམས་སྟོན་གཟིགས་མོར་བཅར་བའི་མི་མང་བཅས་མཉམ་འཛོམས་བྱས་འདུག

མཛད་སྒོ་གཙོ་སྐྱོང་བ་བསོད་ནམས་སྟོབས་ལྡན་གྱིས་སྒྱུ་རྩལ་བ་རྟ་མགྲིན་ཚེ་བརྟན་ངོ་སྤྲོད་གནང་བ་ལྟར་ན། ཁོང་བཙན་བྱོལ་དུ་འབྱོར་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་། ཨ་ཁུ་པདྨ་ཟློས་གར་ཚོགས་པ་བཅས་སུ་ཞུགས་ཏེ། བོད་ཀྱི་སྲོལ་རྒྱུན་རི་མོ་དང་དེང་རབས་རི་མོར་སྦྱངས་པ་བྱས་ནས་རི་མོ་སྣ་ཚོགས་བྲིས་ཡོད་འདུག་པ་དང་། དེ་བཞིན་ཁོང་གིས་ནམ་རྒྱུན་རིན་མེད་ཐོག་བོད་དོན་དང་འབྲེལ་བའི་རི་མོ་སྣ་ཚོགས་ཤིག་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་རེད་འདུག་ལ། ཁོང་གིས་བྲིས་པའི་རི་མོ་ཁག་ཅིག་རྒྱལ་ཕྱི་ནང་གི་དུས་དེབ་ཀྱི་སྟེང་དུ་ཡང་བཀོད་ཡོད་པ་རེད།

དེ་ནས་སྒྱུ་རྩལ་བ་རྟ་མགྲིན་ཚེ་བརྟན་གྱིས་འགྲེམས་སྟོན་གྱི་དམིགས་ཡུལ་ངོ་སྤྲོད་གནང་སྐབས། འགྲེམས་སྟོན་འདི་བྱེད་དགོས་དོན་མ་འོངས་པར་ང་ཚོ་གཞོན་སྐྱེས་ཚང་མས་སྒྱུ་རྩལ་གྱི་ལམ་ནས་བོད་དོན་འཐབ་རྩོད་ཡོང་ཐབས་དང་། དེ་བཞིན་བོད་མིའི་འཐབ་རྩོད་དེ་མི་རེ་རེ་ལ་འགན་ཡོད་དུས་གཞུང་དང་ཚོགས་པ་སོགས་ལ་རེ་བ་རྒྱག་མི་དགོས་པར། སོ་སོའི་ངོས་ནས་ལས་རིགས་འདྲ་མིན་གྱི་ཐོག་ནས་མི་རིགས་ཀྱི་འཐབ་རྩོད་བྱེད་དགོས་པ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

ཐེངས་འདིའི་སྐུ་མགྲོན་ཚོས་སྐར་མ་གཉིས་རེའི་ནང་གསུང་བཤད་གནང་སྐབས། ཁོང་གིས་སྒྱུ་རྩལ་གྱི་ལམ་ནས་བོད་དོན་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་འདི་བྱས་པར་བསྔགས་བརྗོད་དང་འབྲེལ། མ་འོངས་པར་མུ་མཐུད་ནས་སྒྱུ་རྩལ་གྱི་ལམ་ནས་བོད་དོན་དྲིལ་བསྒྲགས་བྱེད་དགོས་སྐོར། དེ་བཞིན་བོད་རིགས་གཞོན་སྐྱེས་ཚང་མས་བགྲོ་གླེང་དང་ཚོགས་འདུ་གཅིག་པུ་མ་ཡིན་པར། མི་རེ་ངོ་རེ་ནས་ལས་རིགས་འདྲ་མིན་གྱི་ཐོག་ནས་སོ་སོའི་མི་རིགས་ཀྱི་འཐབ་རྩོད་རྒྱུན་འཁྱོངས་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

2013_4_11_3མཐར་ཐེངས་འདིའི་འགྲེམས་སྟོན་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “སྒྱུ་རྩལ་བ་རྟ་མགྲིན་ཚེ་བརྟན་་གྱིས་༢༠༠༧ ནས་ད་ལྟའི་བར་གྱི་ཁབ་གཙགས་རི་མོ་དང་སྒྱུ་རྩལ་གྱི་བརྩམས་ཆོས་གཞན་ཁག་ཅིག་ཕྱོགས་བསྡོམས་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་ཡོད། དེའང་ཁོང་རང་ཉིད་ཀྱིས་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཁབ་གཙགས་རི་མོ་མང་དག་ཅིག་རིན་མེད་ཐོག་ཕྱི་ནང་གི་མི་རིགས་འདྲ་མིན་མིན་ལ་བརྒྱབས་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཁ་གཙགས་རི་མོའི་འགྲེམས་སྟོན་ཞིག་ཆགས་ཡོད། འགྲེམས་སྟོན་འདིའི་དུས་ཐོག་ཏུ་སིད་སུ་ལེན་ཀྲ་དང་ལབ་ཡུལ་ནས་ཡོང་བའི་བོད་མི་གཉིས་ལ་ཐད་ཀར་ཁབ་གཙགས་རི་མོ་མཇུག་སྐྱོང་རྒྱུ་ཡིན”་ཞེས་དང་། “འགྲེམས་སྟོན་འདིའི་ནང་ལ་ཁབ་གཙགས་རི་མོའི་བར་རིས་བཞི་བཅུ་ལྷག་དང་གཞན་སྒྱུ་རྩལ་གྱི་ལས་རིགས་མང་དག་ཅིག་ཡོད”་ཅེས་འཁོད་ཡོད་འདུག