འཕགས་བོད་མཛའ་འབྲེལ་ལྷན་ཚོགས།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་རྒྱལ་ཡོངས་འཕགས་བོད་མཛའ་འབྲེལ་ཚོགས་པའི་འཛིན་སྐྱོང་ལྷན་ཚོགས་སྐོང་ཚོགས་གནང་ཡོད་པ་དང་།མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཕྱོགས་སྐོར་དང་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་གཙོས་འབྱུང་འགྱུར་གྱི་ལས་དོན་སྔར་བས་ཤུགས་ཆེན་ཇི་ལྟར་བཏང་དགོས་མིན་སོགས་ཀྱི་སྐོར་སོགས་ལ་གོ་བསྡུར་གནང་ཡོད་པ་རེད།

དེའང་ཟླ་འདིའི་ཕྱི་ཚེས་༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་རྒྱལ་ཡོངས་འཕགས་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་འཛིན་སྐྱོང་ལྷན་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཕྱོགས་དང་ལས་དོན་སྔར་བས་ཤུགས་ཆེན་ཇི་ལྟར་བཏང་དགོས་མིན་སོགས་ཀྱི་ཐད་ལ་གོ་བསྡུར་དང་བགྲོ་གླེང་ལྷུག་པོར་གནང་ཡོད་པ་རེད། ལྷན་ཚོགས་ཐོག་རྒྱ་གར་རྒྱལ་ཡོངས་མངའ་སྡེ་བཅུ་དགུའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དགུ་བཅུ་གོ་ལྔ་མཉམ་ཞུགས་གནང་ཡོད་པ་དང་། དེང་སྐབས་བོད་ནང་གི་རང་ལུས་མེར་སྲེག་གི་ངོ་རྒོལ་དང་འབྲེལ་བའི་ཛ་དྲག་གི་གནས་སྟངས་སོགས་ཀྱི་ཐོག་ལའང་གོ་བསྡུར་གནང་ཡོད་འདུག གཞན་ཡང་སྐུ་མགྲོན་གཙོ་བོར་འཕགས་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (shri Indresh Kumar)ལགས་དང་། བོད་མི་མང་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས། དེ་བཞིན་སྐུ་ཞབས་སུ་རེ་ཤི་ (Shri Suresh Ji) ལགས་སོགས་མཉམ་ཞུགས་གནང་ཡོད་པ་དང་། འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལས་ཐོག་པ་སྐུ་ཞབས་ཀུལ་དིབ་ཅནྜ་ཨག་ནི་ཧོ་ཏི་རི་(Dr. Kuldeep Chand Agnihotri) ལགས་དང། དྲུང་ཆེ་ཨ་ཤོཀ་མེན་ཌེ་(Shri Ashok Mende) ལགས་གཉིས་ཀྱིས་ལྷན་ཚོགས་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།