ཚིག་རྩོད་རེད་དམ་དོན་རྩོད་རེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༣༣ ཕྱི་ལོ་ ༢༠༡༣/༤/༡༠
ཟླ་འདིའི་ཕྱི་ཚེས་༨ ཉིན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་རང་དབང་དང་རང་བཙན་གཉིས་ཀྱི་གོ་དོན་གཅིག་པ་མིན་པར་ཁྱད་པར་ཆེན་པོ་ཡོད་པ་དང། ༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་ཡིན་པ་བསྐྱར་ནན་གྱིས་བརྗོད་འདུག
དེ་ལྟར་གནང་དགོས་དོན་ཉེ་ཆར་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་སྤྱི་འཐུས་སྒེར་གྱི་གསལ་བཤད་ཅིག་གནང་སྟེ། ད་ནས་བཟུང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་ཡིན་ཞེས་སྒེར་གྱི་ལངས་ཕྱོགས་གསལ་པོ་བཟོ་སྐབས། བདེན་ཚིག་སྨོན་ལམ་སོགས་༧གོང་ས་མཆོག་གི་ལྗགས་རྩོམ་ཁག་ཅིག་གི་ཚིག་ལུང་འདྲེན་གྱིས་འགྲེལ་བཤད་གནང་བར་བརྟེན་གསལ་བསྒྲགས་དེ་སྤེལ་བ་ཞིག་རེད།
དགའ་ལྡན་ཕོ་བྲང་གིས་རང་དབང་དང་རང་བཙན་གྱི་ཚིག་དོན་ཐད་གསལ་བསྒྲགས་གནང་བ་དེ། དེ་སྔོན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ནང་སྔ་རྗེས་སུ་གསུངས་པ་དེ་ཡིན་པ་དང། ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་ཚིག་དེ་གཉིས་ཀྱི་གོ་དོན་ཐད་མང་ཆེ་བའི་ལྟ་སྟངས་ཀྱང་གཅིག་པ་ཡིན་པ་གསལ་པོར་གྱུར་ཟིན་པ་རེད། ད་དུང་བརྗོད་དགོས་པ་ཞིག་ལ་༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་ཁོ་ན་ཡིན་པ། འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་གི་གསུང་བཤད་ཁག་ལས་གསལ་པོ་རྟོགས་ཐུབ་པས། དེའི་ཐད་བོད་པ་སུ་གཅིག་གི་ངོས་ནས་ཐེ་ཚོམ་སྐྱེ་དགོས་པའི་གཞི་རྩ་ཞིག་གང་ཡང་མེད་པ་དོ་སྣང་གནང་མཁན་ཞིག་ཡིན་ན་ཤེས་གསལ་དུ་གྱུར་ཟིན།
འོན་ཀྱང་ད་ལྟ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་མི་རིགས་ས་ཁོངས་རང་སྐྱོང་ཞིག་རྩོད་བཞིན་པ་དེ་གལ་སྲིད་རག་པའི་དབང་དུ་བཏང་ནའང། དེས་བོད་མི་རིགས་ལ་རང་དབང་རྣལ་མ་ཞིག་རག་ཐུབ་པའི་གདེང་ཚོད་དང། སྔོན་དང་མི་འདྲ་བར་དེང་སྐབས་རྒྱ་གཞུང་ལ་ཡིད་ཆེས་དང་བློ་གཏད་བྱེད་ཐུབ་པ་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་ཡོད་མེད་དེ་ད་དུང་རྩོད་གཞི་རུ་གྱུར་ཡོད། ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་སྐབས་སུའང་རྒྱ་གཞུང་གིས་ཁ་སྙན་པོ་མང་པོ་ཞིག་བཤད་ཡོད་པ་མ་ཟད། ཡིག་ཐོག་ཏུའང་སྐུ་ཚབ་གཉིས་ཀྱིས་རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལས་ཚད་མཐོ་བ་འཁོད་ཡོད་ཀྱང། དོན་དམ་དུ་ལག་བསྟར་བྱས་མེད་པ་གསལ་པོ་རེད།
ད་ཆ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང། འཛམ་གླིང་གི་འཕེལ་ཕྱོགས་དང་འགྲོགས་ཏེ་བརྡ་འཕྲིན་གྱི་ནུས་ཤུགས་རྒྱ་གཞུང་གིས་ཇི་ལྟར་བཀག་འགོག་བྱས་ཀྱང་གཞི་རྩའི་ཐོག་ནས་སྔོན་དང་མི་འདྲ་བར་རང་བཞིན་གྱིས་འགྱུར་བ་ཆེན་པོ་སོང་ཡོད། འོན་ཀྱང་གཅིག་སྡུད་དང་བཙན་ཤེད་གདུག་རྩུབ་ཅན་གྱི་ཆབ་སྲིད་ལ་འགྱུར་བ་གང་ཡང་སོང་མེད་པ་མ་ཟད། དཔལ་འབྱོར་དང་དམག་དོན་རྩེད་རིགས་བཅས་ཀྱི་ཐོག་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོང་དུས། མི་རིགས་རིང་ལུགས་ཀྱི་ལྟ་བས་ཡོངས་སུ་ཚོས་པའི་རྒྱ་རིགས་ཕལ་མོ་ཆེ་ཡང་དེའི་རྗེས་སུ་རྒྱུག་པ་ལས་བོད་ལ་དོན་དམ་གྱི་རྒྱབ་སྐྱོར་བྱེད་མཁན་ཞིག་ཡོད་མེད་དེ་དངོས་ཡོད་ཀྱི་ཐོག་ནས་རྩིས་རྒྱག་དགོས་པ་གལ་ཆེན་པོ་ཡིན།
༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་མི་རིགས་དང་འབྲེལ་བ་གནང་རྒྱུ་རྩ་དོན་དུ་བཟུང་ཡོད་པ་དང། བོད་མི་རིགས་ཀྱི་སེམས་ནང་འཁོན་འཛིན་ཡོད་ས་དེ་རྒྱ་དམར་གཞུང་ཡིན་པ་ལས་རྒྱ་མི་རིགས་མིན་ཞེས་ཡང་ཡང་བསྐྱར་ནན་གྱིས་གསུང་བཞིན་ཡོད་པ་རེད། དོན་དངོས་ཐོག་ནས་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་པ་དེ་རྒྱ་དམར་དྲག་གཞུང་གི་སྲིད་བྱུས་ཡིན་ཡང། ད་ཆ་རྒྱ་རིགས་ཕལ་མོ་ཆེས་ཀྱང་བོད་མི་རིགས་དང་བོད་ཀྱི་རིག་གཞུང་སྐད་ཡིག་དང་བཅས་ལ་མཐོང་ཆུང་ཁྱད་གསོད་ཁོ་ན་བྱེད་བཞིན་ཡོད་པར་བརྟེན། བོད་ནང་གི་བོད་མི་ཚོས་བོད་རང་གི་སྐད་ཡིག་རིག་གནས་རྒྱུད་འཛིན་ཆེད་ཛ་དྲག་ངང་རྩོད་ལེན་གནང་དགོས་ཐུག་ཡོད་པ་ཚང་མས་ཤེས་གསལ་ཡིན།
བཙན་བྱོལ་ནང་ཆབ་སྲིད་ཀྱི་དམིགས་འདུན་མི་གཅིག་པས་ལངས་ཕྱོགས་དང་འབོད་སྒྲ་ཡང་མི་གཅིག་པ་མང་པོ་ཡོད་ལ། བློ་ཕམ་པ་ཞིག་ལ་དེ་ལ་བརྟེན་ནས་སྤྱི་ཚོགས་ནང་འགལ་ཟླའི་རང་བཞིན་དང་ཁྱོད་ཁེ་ང་ཕམ་གྱི་གླེང་ཕྱོགས་ཀྱང་ཕྱོགས་མང་པོ་ཞིག་ན་མངོན་དང་མི་མངོན་པའི་ཚུལ་དུ་ཆུ་བཞིན་བཞུར་ཡོང་གི་ཡོད། དུས་རྒྱུན་བོད་དོན་ཆེད་ཧུར་བརྩོན་འདོར་མ་མྱོང་བའི་མི་སྣ་གང་མང་ཞིག་ཀྱང། ད་ཆ་བག་འཁུམས་པ་དང་སེམས་ཤུགས་ཆག་པ། ཐ་ན་སེམས་ཁམས་མི་བདེ་བ་ཆགས་པའང་ཡོད། དེར་བརྟེན་བོད་དོན་ལ་རྒྱབ་སྐྱོར་ཡོད་ཚུལ་བརྗོད་མཁན་རྒྱ་རིགས་རྣམས་ཀྱི་དགའ་ཕྱོགས་ལ་བསྟུན་རྒྱུ་དང། བོད་རིགས་མང་པོ་ཞིག་གི་སེམས་ཤུགས་ཆག་སོང་བ་གཉིས་ཀྱིས་བོད་ཀྱི་རྩ་དོན་ལ་ཕན་གནོད་གང་ཆེ་བ་ཡོད་མེད་མཚུངས་བསྡུར་མི་འོས་པ་ཞིག་མ་རེད་སྙམ།
མདོར་ན་བཙན་བྱོལ་ནང་༧གོང་ས་མཆོག་གིས་མང་གཙོ་གསོལ་རས་སུ་བསྩལ་བ་དང། ད་ཆ་གང་འཚམས་ཡར་རྒྱས་སུའང་སོང་ཡོད་པར་བརྟེན། སྤྱི་ཚོགས་ནང་བསམ་ཚུལ་མི་གཅིག་པ་དང་ལངས་ཕྱོགས་མི་གཅིག་པ་ཡོད་པ་ཆོས་ཉིད་ཡིན་མོད། ཕན་ཚུན་དགྲ་བོ་རྒྱ་དམར་ལས་ཀྱང་སྡུག་ཏུ་བལྟ་བ་འདི་དག་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སོང་ན། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་པ་དེ་རྒྱ་གཞུང་གི་གནོན་ཤུགས་ལ་མ་ལྟོས་པར་བོད་པ་རང་ངོས་ནས་ཉམས་གུད་དུ་གཏོང་རྒྱུ་ཡིན་པའི་སྔོན་བརྡ་སྤྱི་ཚོགས་ཆུང་ཆུང་འདིའི་གྲུ་ཟུར་གང་ས་ན་མཐོང་རྒྱུ་ཡོད་པ་འདི་དག་སྔོན་འགོག་མ་ཐུབ་ན། འཚེ་མེད་ཞི་བ་དང་རང་དབང་གཅིག་སྒྲིལ་ཞེས་པ་འདི་ཚོ་ཁ་གཡང་ཙམ་དུ་འགྱུར་ངེས་སུ་མཐོང།།