རྒྱ་གཞུང་གིས་ཁམས་སྐྱེ་རྒུ་མདོའི་བོད་མི་༢༡ འཛིན་བཟུང་།
ཁམས་སྐྱེ་རྒུ་མདོའི་བོད་མི་ཚོར་རྒྱ་གཞུང་གིས་ས་ཆ་བཙན་འཕྲོག་དང་སྡོད་ཁང་བཤིག་པ་སོགས་ཀྱི་དཀའ་ངལ་བར་མ་ཆད་པར་ཡོང་གི་ཡོད་པ་ལྟར། གནད་དོན་དེ་ལ་བརྟེན་ནས་ཡུལ་མི་དང་དམག་མིའི་བར་འཁྲུག་འཛིང་ཤོར་ཏེ། ཟླ་འདིའི་ཕྱི་ཚེས་༩ ཉིན་བོད་མི་༢༡ འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༩ ཉིན་རྒྱ་གཞུང་གིས་ཁམས་སྐྱེ་རྒུ་མདོའི་བོད་མིའི་ཁང་པ་མང་པོ་གཏོར་བཤིག་བྱས་རྐྱེན། བོད་མི་བརྒྱ་ལྷག་ཙམ་གྱིས་ངོ་རྒོལ་བྱེད་སྐབས་རྒྱ་གཞུང་གིས་དམག་མི་བཏང་ནས་དྲག་གནོན་བྱས་ཡོད་འདུག་པ་དང་། དེ་བཞིན་ས་གནས་བོད་མི་དང་དམག་མིའི་བར་འཐབ་འཛིང་བྱུང་ནས་བོད་མི་༦ ཙམ་ལ་རྨས་སྐྱོན་དང་། རྒྱ་གཞུང་གི་དམག་མི་༤ ཙམ་ལ་རྨས་སྐྱོན་བྱུང་ཡོད་འདུག
གནས་ཚུལ་དེ་བྱུང་རྗེས་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་༢༡ འཛིན་བཟུང་བཀག་ཉར་དང་། ད་དུང་རྒྱ་གཞུང་གིས་མི་མང་གི་ཁང་པ་༢༠༠ ལྷག་གཏོར་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་བྱས་སོང་ཞེས་བོད་ནས་འབྲེལ་ཡོད་བོད་མི་ཞིག་གིས་འདི་གར་འགྲེལ་བརྗོད་གནང་སོང་།
ཉེ་ཆར་ས་ཆའི་བདག་དབང་དོན་དུ་བོད་པའི་སྐྱེ་དམན་གཉིས་ཀྱིས་སྔ་ཕྱིར་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་ནའང་། བོད་ནང་དུ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་ཡོད་པས། གནས་ཚུལ་ཁ་གསལ་རྒྱུས་ལེན་བྱེད་ཐུབ་ཀྱི་མེད་པ་རེད།།
