གསར་འགྱུར་ནོར་བཅོས་ཀྱི་འཕྲིན།
༄༅།། མཁྱེན་ཡངས་བོད་ཀྱི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པ་མཆོག་ལ་ཆེད་འབུལ།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༤༣༢ ཐོག བོད་ནང་ནག་གི་ཛ་དྲག་གནས་སྟངས་ཐོག་ལ་བོད་མཁས་པའི་བགྲོ་གླེང་ཞེས་པའི་འགོ་བརྗོད་འོག་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་བཤད་བཀོད་པའི་ནང་།
“བོད་ནང་གི་རང་ལུས་མེར་སྲེག་གིས་གཙོས་བོད་མིའི་འཚེ་མེད་ཞི་བའི་ཐབས་ལམ་འདི་༧གོང་ས་མཆོག་གི་བཀའ་སློབ་ལ་བརྟེན་ནས་བྱུང་བ་ཞིག་རེད་མ་གཏོགས་”ཞེས་འཁོད་པ་དང་། དེ་གའི་དྲ་ཚིགས་ཐོག་ལ་ཡང་དེ་གཅིག་མཚུངས་འཁོད་འདུག་པ་འདི་རིན་པོ་ཆེ་མཆོག་གི་གསུང་ཚིག་ཇི་བཞིན་ཐོན་མི་འདུག་པས། གསར་ཤོག་དང་དྲ་རྒྱ་ཀློག་མཁན་ཚོས་བོད་ནང་གི་རང་ལུས་མེར་སྲེག་ནི་༧གོང་ས་མཆོག་གིས་བཀའ་གནང་བ་ལ་བརྟེན་ནས་བྱུང་བ་རེད་ཟེར་བའི་གོ་ནོར་ཐེབས་བཞིན་པ་མ་ཟད། རྒྱ་གཞུང་གིས་བོད་མིའི་རང་ལུས་མེར་སྲེག་འདི་༧གོང་ས་མཆོག་གི་བརྒྱུད་བསྐུལ་གནང་ནས་བྱུང་བ་ཡིན་ཚུལ་སྐྱོན་འཛུགས་བྱེད་བཞིན་ཁུངས་ལུང་དུའང་བེད་སྤྱོད་གཏོང་མི་སྲིད་པ་མིན་པས་རིན་པོ་ཆེའི་གསུང་ཚིག་ཇི་བཞིན་བསྐྱར་བཅོས་གནང་གལ་ཞུ།
དེ་ན་རིན་པོ་ཆེའི་གསུང་ཚིག་ངོ་མ་ནི། “བོད་ནང་རང་ལུས་མེར་སྲེག་གཏོང་མཁན་དེ་དག་འཚེ་མེད་ཞི་བའི་ལམ་མཐར་ཐུག་པ་ལ་འགྲོ་བ་དེ་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལ་བརྟེན་ནས་བྱུང་བ་རེད་མ་གཏོགས་”ཞེས་པ་འདི་ཡིན་པ་ལྟར། དེ་གའི་དྲ་ཚིག་དང་བདུན་ཕྲག་འདིའི་གསར་ཤོག་གཉིས་ཀའི་ཐོག་ནོར་བཅོས་གསལ་པོར་འགོད་གནང་ཡོང་བ་ཞུ།
ཀིརྟིའི་དྲུང་ཡིག་འབྲིང་བ་འཇིགས་མེད་ནས། ཕྱི་ལོ་༢༠༡༣ ཟླ ༤ ཚེས་༡༠ ལ།
