བཙན་པོས་དབང་ཡོད་ཀྱི་ཐོག་ནས་བཀའ་གནང་ཡོད་མ་རེད།
ཡང་དག་པའི་མང་གཙོའི་ལམ་སྲོལ་དང་མཐུན་པའི་ཐོག་ནས་མི་མང་གི་བསམ་ཚུལ་དང་། གྲོས་ཚོགས་ཀྱི་བསམ་ཚུལ་ཚང་མ་བཏོན་ནས་སྤྱི་མོས་དང་ཚད་མཐོའི་མང་མོས་ཀྱི་ཐོག་ནས་ཐག་ཆོད་བྱུང་བའི་སྲིད་ཇུས་ཤིག་ཡིན་པ་དེ། ང་ཚོས་མ་བརྗེད་པ་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་དགོང་དྲོའི་ཆུ་ཚོད་༣།༣༠ ཀྱི་སྟེང་། མེག་གྷན་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་དབུ་མའི་ལམ་མི་མང་ལས་ལས་འགུལ་ཁང་གིས། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་གདན་ཞུས་ཀྱིས། གཉིས་ཕན་དབུ་མའི་ལམ་གྱི་སྐོར་ལ་གལ་ཆེའི་གསུང་བཤད་ཅེས་པ་ཞིག་གོ་སྒྲིག་བྱས་འདུག་ལ། གསུང་བཤད་དེའི་ཐོག་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་དང་། ཐུབ་བསྟན་ལུང་རིག ཡེ་ཤེས་སྒྲོལ་མ། ཨ་ཀྲུག་ཚེ་བརྟན། དགེ་བཤེས་སྐལ་བཟང་དགྲ་འདུལ། དེ་བཞིན་ཚོགས་པ་ཁག་གི་མི་སྣ་དང་ས་གནས་ཀྱི་སེར་སྐྱ་མི་མང་བཅས་མཉམ་འཛོམས་བྱས་འདུག
དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱིར་ཟུར་ཡོན་ཏན་རྒྱ་མཚོས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་བྱུང་རབས་ངོ་སྤྲོད་གྲུབ་མཚམས།
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་དོན། “དབུ་མའི་ལམ་གྱི་སྲིད་ཇུས་དེ་སྐྱབས་མགོན་རིན་པོ་ཆེས་ཐོག་མར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་ཐུགས་ལ་ཡོད་པ་ཞིག་དང་། ཐུགས་ལ་ཡོད་པ་ནང་བཞིན་ཕྱག་ལེན་ཏུ་བསྟར་དགོས་པའི་གནས་བབ་ཅིག་བྱུང་པ་རེད། དེའི་རྗེས་༡༩༥༩ ལོའི་དོན་རྐྱེན་གྱི་རྗེས་ནས་༧གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་གང་ཡོད་པ་དེ། སྐབས་དེའི་སྤྱི་ཚོགས་ཀྱི་བསམ་ཚུལ་དང་ལྷག་པར་ཏུ་བོད་ནང་གི་༡༩༥༩ ལོའི་གྱེན་ལངས་ཀྱི་དོན་རྐྱེན་དེའི་འོག་ནས། ང་ཚོས་ཐབས་ལམ་གསར་པ་ཞིག་དང་དམིགས་ཡུལ་གསར་པ་ཞིག་མ་བཟུང་ཐབས་མེད་བྱུང་པ་རེད། ཡིན་ན་ཡང་དེའི་གནས་སྟངས་དེ་ཞེ་དྲག་ཡུན་རིང་པོར་འགྲོ་ཐུབ་ཀྱི་མེད་པ་དེ། ༧གོང་ས་མཆོག་གིས་སྔོན་ཆད་ནས་ཏན་ཏན་ཐུགས་ལ་དགོངས་ཀྱི་ཡོད་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། བཙན་བྱོལ་གཞུང་གི་ཡོངས་གྲངས་སྲིད་ཇུས་ཀྱི་ནང་རང་བཙན་བསྐྱར་གསོའི་ལས་འགུལ་སྤེལ་བཞིན་པའི་སྐབས། དབུ་མའི་ལམ་གྱི་སྲིད་ཇུས་གསལ་བསྒྲགས་མ་གནང་བའི་སྐབས་ནས། སྐྱབས་མགོན་རིན་པོ་ཆེས་བཀའ་རྩོམ་གནང་བའི་བདེན་གསོལ་སྨོན་ཚིག་དང་། མཆོག་གསུམ་འཕྲིན་བསྐུལ་ལ་སོགས་པ་མང་ཆེ་བའི་ནང་ཆེད་དུ་གཉེར་ནས་རང་དབང་ཞེས་པའི་ཚིག་དེ་མ་གཏོགས་རང་བཙན་ཞེས་པའི་ཚིག་དེ་བེད་སྤྱོད་གནང་ཡོད་མ་རེད། སྡེབ་སྦྱོར་གྱི་ཆ་ནས་བཤད་ན། རང་དབང་ཞེས་པའི་ཚིག་དེ་དང་རང་བཙན་ཞེས་པའི་ཚིག་གཉིས་ཀ་ཚིག་གཉིས་རང་རེད། ཚིགས་བཅད་བཟོ་བའི་སྐབས་མ་འགྲིག་པ་གང་ཡང་ཡོད་མ་རེད། རང་དབང་ཞེས་པའི་ཚིག་ཡོད་ས་དེར་རང་བཙན་ཞེས་པ་བཞག་ན་ཡང་ཚིགས་བཅད་ཀྱི་སྡེབ་སྦྱོར་ཉམས་ཀྱི་མ་རེད། ཡིན་ན་ཡང་དེ་བེད་སྤྱོད་མ་གནང་ནས་རང་དབང་ཞེས་པའི་ཚིག་བེད་སྤྱོད་གནང་བ་དེ། མཐའ་མ་དེར་དབུ་མའི་ལམ་གྱི་ཐོག་ལ་མ་ཕེབས་ཐབས་མེད་ཀྱི་གནས་ཚུལ་ཡོང་གི་ཡོད་པ་དེ་མ་འོངས་སྔོན་གཟིགས་ཀྱི་ལམ་ནས་དེ་འདྲ་གནང་བ་རེད་བསམ་གྱི་ཡོད། དེ་མ་གཏོགས་སྐྱབས་མགོན་རིན་པོ་ཆེས་གློ་བུར་གློ་བུར་ལ་དགོངས་པ་བཞེས་པ་དང་། འཕྲལ་ཙམ་གྱི་དགོས་མཁོ་ལ་གཟིགས་ནས་ཐག་ཆོད་དང་ལྗགས་རྩོམ་གནང་བཞག་པ་དེ་འདྲ་ཧ་ལམ་གཅིག་ཀྱང་ཡོད་མ་རེད་ཅེས་ལབ་ན་ཡང་ཕལ་ཆེར་ལབ་ཐུབ་ཀྱི་རེད་བསམ་གྱི་ཡོད”་ཅེས་དང་།
ཡང་ཁོང་གིས་“དྲུག་བཅུ་རེ་གྲངས་ནས་ཁ་བྲལ་དུ་མ་འགྲོ་བ་བྱས་ནས་ཚད་ལྡན་གྱི་རང་སྐྱོང་ཞིག་གི་གནས་བབ་འོག བོད་དོན་བདེན་མཐའ་སེལ་རྒྱུའི་ཐབས་ཤེས་ཀྱི་དགོངས་གཞི་དང་བཀའ་མོལ་དེ་བཀའ་ཤག་དང་། སྤྱི་འཐུས་ཚོགས་གཙོ་རྣམས་པས་མཚོན་པས། སྐབས་དེའི་མཛད་གཙོ་རྣམ་པ་ཚོ་དང་གྲོས་མོལ་ཡོང་གི་ཡོད་རེད། ཧ་ལམ་ལོ་གྲངས་བཅུ་ཕྲག་བརྒལ་བ་ཞིག་གི་རིང་ལ་ཞིབ་འཇུག་དང་། བརྟག་དཔྱད། གྲོས་བསྡུར་ཞིབ་ཚགས་པོ་གནང་བའི་རྗེས་སུ། ཕྱི་ལོ་༡༩༧༤ ནས་ཡོངས་གྲགས་ཀྱིས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་ཡ་དེ་ཐུགས་ཐག་ཆོད་པ་དང་། དེ་ནས་ལོ་ཁ་ཤས་ཀྱི་རྗེས་སུ་བོད་རྒྱའི་འབྲེལ་ལམ་མགོ་བཙུགས་པའི་སྐབས་སུ། གཞི་ནས་ལམ་ཁ་གསར་པ་ཞིག་ལ་གོ་བསྡུར་དང་དགོངས་པ་བཞེས་མི་དགོས་པའི་ཐོག་ནས། ཕྱི་ལོ་༡༩༧༤ ནས་བཟུང་སྟེ་རྒྱ་ཕྱོགས་ནས་ཡ་ལན་གནང་བདེ་པོ་ཞིག་ཆགས་ཡོད་པ་དེ། གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་ཡོད་པ་དེའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་རེད། ཡིན་ན་ཡང་དེ་ཡོངས་གྲགས་ཀྱིས་རྒྱལ་སྤྱའི་ནང་གསལ་པོ་བཟོ་མ་གནང་བའི་གོང་དུ། ༧གོང་ས་མཆོག་གིས་ཡང་ནས་ཡང་དུ་བཙན་བྱོལ་བོད་མིའི་མང་ཚོགས་དང་། གཞིས་བཞུགས་བོད་མི་ཡོངས་ཀྱི་བསམ་ཚུལ་དང་མངོན་འདོད་གསལ་པོར་མཁྱེན་རྒྱུའི་ཐབས་ཤེས་ཡང་ཡང་གནང་པ་རེད། རྒྱལ་སྤྱིའི་ནང་ཐོག་མར་དབུ་མའི་ལམ་གྱི་སྲིད་ཇུས་གསལ་བསྒྲགས་མ་གནང་བའི་གོང་དེར། ཧ་ཅང་གི་གཞི་རྒྱ་ཆེ་བའི་ཚོགས་ཆེན་ཞིག་བསྡུ་བསྐོངས་གནང་ནས། ཉིན་གྲངས་བཞི་ལྔ་ཞིག་གི་རིང་ཚང་མས་བརྡར་ཤ་ཆོད་པོས་བགྲོ་གླེང་དང་གྲོས་བསྡུར་ཞིབ་ཚགས་པོ་བྱས་ཏེ། སུ་ཏྲ་སུ་བྷག་ St. Petersburg་གི་གསུངས་བཤད་ཀྱི་ཟིན་བྲིས་སུ་གཞིས་བཞུགས་བོད་མི་དང་བཙན་བྱོལ་བོད་མི་གཉིས་ཀྱི་སྐུ་ཚབ་མཚོན་པའི་མང་ཚོགས་ཀྱི་ཚོགས་འདུ་ཞིག་གི་ནང་ནས་ཐག་ཆོད་རྒྱབ་གཉེར་གནང་བ་ཞིག་རེད”་ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་དུ་ “ཕྱི་ལོ་༡༩༨༨ ལོའི་ཕྱི་ཟླ་༦ པའི་ནང་འཚོགས་པའི་ཚོགས་ཆེན་དེ། མང་ཚོགས་ཀྱིས་གཉིས་ཕན་དབུ་མའི་ལམ་གྱི་སྐོར་ལ་ཐག་ཆོད་བྱས་པའི་ལས་རིམ་དང་པོ་དེ་ཆགས་ཀྱི་ཡོད་རེད། ཕྱི་ལོ་༡༩༨༨ནས་༡༩༩༦ གི་བར་དུ་དེའི་ཐོག་ལ་མུ་མཐུད་དུ་ཕྱག་བཞེས་གནང་བའི་རྗེས་སུ། ཐོག་མའི་དམིགས་ཚད་དང་འཚམས་པའི་གྲུབ་འབྲས་མ་བྱུང་བ་ཡིན་ཙང་། བསྐྱར་དུ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་དེ་མུ་མཐུད་དུ་འཛིན་དང་འཛིན་མང་མོས་ཐག་ཆོད་འོས་བསྡུ་བཅའ་ཁྲིམས་ཀྱི་ཆ་རྐྱེན་གྱི་འོག་ནས་གནང་རྒྱུའི་ཐུགས་གཏན་ཁེལ་བའི་ཉེར་ལེན་ལ་བརྟེན་ནས། བཀའ་སྤྱི་ཐུན་མོང་གིས་བཙན་བྱོལ་བོད་མིའི་འདུས་སྡེ་ཁག་དང་བོད་ནང་གི་བོད་མི་ཚོའི་བསམ་ཚུལ་བསྡུ་ཐབས། དེ་འདྲའི་ཐབས་ལམ་མང་པོ་ཞིག་གི་ཐོག་ནས་མང་མོས་ཐག་ཆོད་འོས་བསྡུ་དེ་ཧ་ལམ་ལོ་གཅིག་མ་ཟིན་ཙམ་ཞིག་ལ་ཞིབ་ཚགས་པོའི་ཐོག་ནས་གནང་བ་རེད། དེའི་སྐབས་སུ་གཉིས་ཕན་དབུ་མའི་ལམ་དེ་རྒྱལ་བ་རིན་པོ་ཆེའི་བཀའ་ཡིན་པ་དང་ཚང་མས་དེ་ལ་མོས་མཐུན་བྱེད་དགོས་ཡོད་པ་ཟུར་ཙམ་ཡང་བཙན་པོས་དབང་ཡོད་ཀྱི་ཐོག་ནས་བཀའ་གནང་ཡོད་མ་རེད། མང་མོས་ཐག་ཆོད་འོས་བསྡུའི་ནང་གདམ་བྱའི་དོན་ཚན་ག་ཚོད་ཡོད་པ་དེ་མི་མང་གི་མངོན་འདོད་སྟོན་རྒྱུའི་གོ་སྐབས་ཆ་ཚང་གནང་བ་རེད། དེ་ཚོ་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པ་ཞིག་མ་གཏོགས་བཀའ་ཤག་དང་། ༧གོང་ས་མཆོག ཡང་ན་སྤྱི་འཐུས་ཀྱིས་གཏན་འབེབས་གནང་བའི་གདམ་བྱའི་དོན་ཚན་དེ་འདྲ་མ་རེད། མང་ཚོགས་ཀྱིས་གདམ་བྱའི་དོན་ཚན་ཚང་མ་བེད་སྤྱད་དེ་མཐར་མང་ཚོགས་ཀྱི་བསམ་ཚུལ་བརྒྱ་ཆ་༦༤ དང་གྲངས་ཆུང་ཁ་ཤས་ཤིག་གིས་མང་མོས་ཐག་ཆོད་འོས་བསྡུ་གནང་མི་དགོས་པའི་ཐོག་ནས། ཡང་ན་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་འཁྱོངས་གནང་རྒྱུའམ་ཡང་ན་༧གོང་ས་མཆོག་གི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་གནང་རྒྱུར་གསོལ་འདེབས་ཞུ་ཡ་དེ་གཉིས་ཀྱི་ཐོག་ལ་བརྒྱ་ཆ་༦༤ ཙམ་བྱུང་ཡོད་རེད”་ཅེས་དང་།
ཡང་ཁོང་གིས་དབུ་མའི་ལམ་དེ་མང་ཚོགས་ཀྱི་མངོན་འདོད་ཡིན་སྐོར་ཐད་ནས་གསུང་སོན།“དེ་ལ་བརྟེན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱུང་བ་རེད། དེ་ཡང་བཙན་བྱོལ་བ་རྐྱང་པ་མ་རེད། གཞིས་བཞུགས་བོད་མི་ཚོའི་ནང་དུ་ཡང་གང་ཐུབ་ཐུབ་ཀྱིས་བསམ་ཚུལ་བསྡུ་རུབ་ཀྱི་འབད་བརྩོན་གནང་བ་རེད། བརྒྱ་ཆ་༦༤ དགོངས་ཚུལ་བྱུང་པ་དེ་གཞིར་བཞག་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱིས་བརྡར་ཤ་ཆོད་པོས་བགྲོ་གླེང་གཏིང་ཟབ་གནང་པའི་རྗེས་སུ། སྤྱི་མོས་ཀྱི་ཐོག་ནས་མང་མོས་ཐག་ཆོད་འོས་བསྡུ་དངོས་སུ་གནང་མི་དགོས་པར་རྒྱ་ནག་གི་གནས་སྟངས་དང་། རྒྱལ་སྤྱིའི་གནས་སྟངས་དང་བསྟུན་ནས་༧གོང་ས་ཆེན་པོས་དུས་ནས་དུས་སུ་བོད་ཀྱི་རྩ་དོན་གྱི་ཆེད་དུ། སྲིད་ཇུས་ག་འདྲ་ཞིག་བཟུང་གནང་བ་ཡིན་ན་ཡང་དེ་སྐྱབས་མགོན་རིན་པོ་ཆེས་གཟིགས་ནས་ལམ་སྟོན་གནང་རོགས་གནང་། སྐྱབས་མགོན་རིན་པོ་ཆེས་གང་ལམ་སྟོན་གནང་བ་དེ་མང་མོས་ཐག་ཆོད་འོས་བསྡུའི་ལམ་ནས་ཐག་ཆོད་བྱུང་པའི་གནས་ཚད་ལ་སྤྱི་འཐུས་ལྷན་ཚོགས་ངོས་འཛིན་ཞུ་རྒྱུ་ཡིན་ཞེས། གྲོས་ཚོགས་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་གྲོས་ཆོད་ཀྱི་ལམ་ནས་སྐྱབས་མགོན་རིན་པོ་ཆེར། མང་མོས་ཐག་ཆོད་འོས་བསྡུའི་གྲུབ་འབྲས་དང་གནས་ཚད་མཉམ་པའི་གནས་ཚད་ལ་ངོས་འཛིན་ཞུ་རྒྱུ་ཡིན་ཞུས་པའི་རྗེས་སུ། ཕྱི་ལོ་༡༩༩༨ ལོར་བསྐྱར་དུ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་མུ་མཐུད་གནང་རྒྱུའི་གནས་བབ་དེ་བྱུང་བ་རེད།
དེར་བརྟེན་དངོས་གནས་བྱས་ན་དེའི་རྗེས་སུ་སྲིད་ཇུས་དེ་ལ་འགྱུར་བ་གཏོང་རྒྱུའི་ལམ་ཁ་དེ། མང་མོས་ཐག་ཆོད་འོས་བསྡུ་རྐྱང་པ་མ་གཏོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་མོས་དང་སྤྱི་མོས་ཀྱི་ཐོག་ནས། འགྱུར་བ་གཏོང་རྒྱུ་མེད་པའི་གནད་དོན་ཞིག་ཆབ་སྲིད་དང་ཁྲིམས་དོན་གཉིས་ཀྱི་ཐད་ནས་ཆགས་ཡོད་རེད། ཡིན་ན་ཡང་ཕྱི་ལོ་༢༠༠༨ ལོར་བོད་ཕྱི་ནང་གཉིས་སུ་ཛ་དྲག་གི་གནས་ཚུལ་ཆེན་པོ་ཞིག་བྱུང་བ་དང་། རྒྱལ་སྤྱིའི་ནང་ལ་ཡང་དེའི་དབང་གིས་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན་ཙང་། ༧གོང་ས་མཆོག་གིས་བསྐྱར་དུ་བཅའ་ཁྲིམས་དོན་ཚན་༥༩ པའི་ཆ་རྐྱེན་གྱི་འོག་ནས་དམིགས་བསལ་ཚོགས་ཆེན་བསྡུ་བསྐོངས་གནང་བ་རེད། སྐབས་དེར་༧གོང་ས་མཆོག་གིས་ད་རེས་དམིགས་ཚོགས་ཆེན་འདིའི་ཐོག་ནས་སྤྱི་མོས་དང་མང་མོས་ག་འདྲ་ཞིག་གིས་ཐག་ཆོད་བྱུང་བ་ཡིན་ན་ཡང་། དེའི་ཐོག་ཕེབས་རྐྱང་མ་གཏོགས་གཞན་གང་ཡང་མེད་ཅེས་སྐབས་དེར་བཀའ་ཤག་དང་ཚོགས་ཆེན་གཉིས་ཀྱི་ཐོག་ཞལ་གསལ་པོ་བྱས་ནས་བཀའ་གནང་ཡོད་རེད”་ཅེས་དང་།
“ཚོགས་ཆེན་དེའི་སྐབས་སུ་ཡང་དགོངས་འཆར་གསུང་མཁན་ཚང་མས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་དང་མཐུན་པ་དང་མི་མཐུན་པའི་ལངས་ཕྱོགས་ཚང་མ་འཛེམ་ཟོན་དང་འཇིགས་ཞུམ་མེད་པའི་ཐོག་ནས་ཞིབ་ཚགས་པོས་གོ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་དེ་གསལ་པོ་ཞེ་དྲག་རེད་བསམ་གྱི་ཡོད། གོ་སྐབས་བྱུང་མ་སོང་གསུངས་པ་ཡིན་ན་དེ་དངོས་ཡོད་གནད་ཚུལ་གྱི་ཐོག་ཏག་ཏག་བསྡད་ཡོད་མ་རེད། སྐབས་དེར་ཚོགས་འདུར་བཅར་མྱོང་མཁན་ཚང་མའི་དགོངས་པར་མངའ་གསལ་ཡིན་རྒྱུ་རེད། སྐབས་དེར་ཡང་ཚོགས་འདུའི་བརྒྱ་ཆ་བརྒྱད་ཅུ་བརྒལ་བ་ཞིག་གི་འདོད་མོས་དེ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུ་འཁྱོངས་གནང་རྒྱུའི་ཐག་ཆོད་བྱུང་པ་རེད། དེའི་རྗེས་སུ་ཡང་བསྐྱར་ཁ་སྣོན་རྒྱག་དགོས་པ་དང་རྒྱབ་སྐྱོར་བཙལ་དགོས་པའི་གནས་བབ་མ་ལྷག་པ་རེད། ཡིན་ན་ཡང་༢༠༡༠ ལོར་སླར་ཡང་སྤྱི་འཐུས་གྲོས་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་གི་ཡིན་ཞེས་གྲོས་ཆོད་ཅིག་བཞག་ཡོད་རེད། དེར་བརྟེན་དེ་རིམ་པ་བཞི་པ་རེད།
ལོ་༤༠ རིང་ལ་ང་ཚོས་ཕྱིར་བལྟས་ཤིག་བྱས་པ་ཡིན་ན་ཡང་དག་པའི་མང་གཙོའི་ལམ་སྲོལ་དང་མཐུན་པའི་ཐོག་ནས་མི་མང་གི་བསམ་ཚུལ་དང་། གྲོས་ཚོགས་ཀྱི་བསམ་ཚུལ་ཚང་མ་བཏོན་ནས་སྤྱི་མོས་དང་མང་མོས་ཚད་མཐོའི་མང་མོས་ཀྱི་ཐོག་ནས་ཐག་ཆོད་བྱུང་བའི་སྲིད་ཇུས་ཤིག་ཡིན་པ་དེ། ང་ཚོས་མ་བརྗེད་པ་བྱས་ནས་ཐུགས་ལ་ཡང་ཡང་དྲན་གསོ་གནང་ན་ཡག་པོ་ཡོད་རེད་བསམ་གྱི་ཡོད། འགན་ཁུར་མེད་པའི་མི་ཁ་ཤས་ཀྱིས་བརྒྱུད་ཁག་དང་དེ་འདྲའི་ནང་དབུ་མའི་ལམ་གྱི་སྲིད་ཇུས་ཟེར་བ་དེ། རྒྱལ་བ་རིན་པོ་ཆེ་མི་གཅིག་གིས་ཐག་ཆོད་བྱས་པ་དེ་རལ་གྲི་གནམ་གཡུགས་བྱས་ནས་མང་ཚོགས་ཀྱི་ཐོག དབང་ཤུགས་ཀྱིས་བཀུག་བཞག་པའི་སྲིད་ཇུས་ཤིག་ཡིན་པ་དེ་འདྲ་བཤད་མཁན་བྱུང་པ་ཡིན་ན། དེ་ལ་བདེན་པའི་གཞི་རྩ་ནམ་ཡང་མེད་པ་གསལ་པོར་མཁྱེན་དགོས་རེད་ཟེར་ནས་ནན་པོ་བྱས་ནས་ཞུ་རྒྱུའི་འདོད་པ་བྱུང་སོང”་ཞེས་གསུངས་སོང་།
ཡང་ཁོང་གིས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ངོ་བོའི་ཐད་ནས་གསུང་དོན། དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ངོ་བོ་འདྲ་བོ་དེ་ཞུས་པ་ཡིན་ན། “རྒྱ་ནག་ནས་ཁ་བྲལ་བྱས་ནས་རྒྱལ་ཁབ་ལོགས་སུ་བཟོ་མི་དགོས་པ་དེ་ཕྱོགས་གཅིག་རེད། རྒྱ་ནག་ནས་ཁ་བྲལ་འགྲོ་རྒྱུ་མཐའ་གཅིག་རེད། ད་ལྟའི་གནས་བབ་ནང་བཞིན་འདུག་རྒྱུ་དེ་མཐའ་གཞན་པ་རེད། དེ་གཉིས་ཆ་དང་བྲལ་བ་བྱས་ནས་དེའི་དཀྱིལ་ནས་བོད་མི་མང་ཚོགས་ཀྱི་མངོན་འདོད་སྒྲུབ་ཐུབ་པ་བྱ་རྒྱུ་དེ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་རགས་པའི་གོ་དོན་དེ་དེ་ཙམ་ཞིག་རེད། ཡིན་ན་ཡང་དེ་ལ་ཕྱི་ལོ་༢༠༠༢ ནས་ཞིབ་ཚགས་པོ་བྱས་ནས་༢༠༡༠ བར་དུ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་༧གོང་ས་མཆོག་གི་བར་འབྲེལ་མོལ་རིམ་པ་དགུ་ཙམ་ཞིག་གནང་བའི་རིང་། དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཞིབ་ཚགས་པོའི་གནས་སྟངས་དེ་ཚོ་གསལ་ཁ་དོད་རེས་སོང་ཡོད་རེད། ཞིབ་ཚགས་ཆེ་རུ་སོང་ཡོད་རེད། གསལ་དུ་ཕྱིན་པ་རེད།
དེར་བརྟེན་ད་ལྟ་ང་ཚོས་ཕྱག་ལས་གནང་བཞིན་པའི་དབུ་མའི་ལམ་གྱི་སྲིད་ཇུས་དེ་ག་འདྲ་ཞིག་ཡོད་རེད་ཟེར་ན། མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་དུ་བསྟར་བཞིན་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས། བོད་ཀྱི་གནས་བབ་སེལ་ཡ་དེ་མཐའ་མའི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་འདོད་དོན་འདྲ་བོ་དེ་རེད། དེ་ལ་ཡན་ལག་གི་ཆ་ཤས་ཁ་ཤས་ཤིག་ཡོད་རེད། ཡན་ལག་གི་ཆ་ཤས་དང་པོ་དེ་བོད་རིགས་ཡོངས་རྫོགས་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་ལ་ཚུད་དགོས་པ་དེ་ཟློག་ཏུ་མི་རུང་བའི་ཡན་ལག་གི་ཆ་རྐྱེན་གཅིག་རེད། དབུ་མའི་ལམ་གྱི་ཐབས་ལམ་འབད་བརྩོན་བྱེད་པའི་སྐབས་དང་དབུ་མའི་ལམ་གྱི་དམིགས་ཡུལ་འགྲུབ་པའི་རྗེས་ག་དུས་ཡིན་ཡང་། བོད་མི་རིགས་ཀྱི་མངོན་འདོད་སྒྲུབ་པའི་ཐབས་ལམ་དེ་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་འབབ་ཞིག་ལ་བརྟེན་ནས་འགྲོ་རྒྱུ་དེ་དབུ་མའི་ལམ་གྱི་ཟློག་ཏུ་མི་རུང་བའི་ཡན་ལག་གཅིག་རེད། དེ་དང་ཕྱོགས་མཚུངས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་བོད་མིའི་མ་འོངས་པའི་མདུན་ལམ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བཙལ་རྒྱུ་ཡིན་ན་ཡང་། ༡༩༥༡ སྔོན་གྱི་བོད་ཀྱི་འདས་པའི་བྱུང་རབས་གང་བྱུང་པ་དེ་བསྐྱར་གསོ་བྱེད་ཀྱི་མེད་པ་ཡིན་ཙང་། འདས་པའི་བྱུང་རབས་ལ་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་འགྱུར་བ་གཏོང་ཡ་དང་། ཡང་ན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྟོག་བཟོ་བྱས་པའི་འཁྱོག་བཤད་ཀྱི་བྱུང་རབས་ལ་ངོས་ལེན་བྱེད་ཡ་རྩ་བ་ནས་མི་དགོས་པ་དེ་གསུམ་པོ་དེ། དབུ་མའི་ལམ་གྱི་སྲིད་ཇུས་དང་མཉམ་དུ་ཡོད་པའི་ཆ་རྐྱེན་དེ་དག་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་དུ་བསྟར་བཞིན་པའི་རྩ་ཁྲིམས་ཀྱི་ནང་། གྲངས་ཉུང་མི་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་རང་སྐྱོང་དང་། མི་རིགས་ས་གནས་རང་སྐྱོང་གཉིས་ཆའི་ཐོབ་ཐང་ཞིབ་ཚགས་པོ་བྱས་ནས་སྤྲད་ཡོད་རེད།
ས་ཁུལ་མེད་པའི་གྲངས་ཉུང་མི་རིགས་ཡིན་ན་མི་རིགས་རང་སྐྱོང་གི་སྐད་ཆ་རེད། ས་ཁུལ་ཡོད་པའི་གྲངས་ཉུང་མི་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་སྤྲད་ཡོད་རེད། ཐོབ་ཐང་དེའི་ཆ་རྐྱེན་གྱི་འོག་ནས་མིང་ཙམ་གྱི་རང་སྐྱོང་བོད་རིགས་མང་ཆེ་བར་སྤྲད་ཡོད་རེད། ཡིན་ན་ཡང་བོད་རིགས་དེ་ཚོར་རང་སྐྱོང་ལྗོངས་གཅིག་མ་གཏོགས་ཡོད་མ་རེད། དེ་ནས་རང་སྐྱོང་ཁུལ། རང་སྐྱོང་རྫོང་། རང་སྐྱོང་གྲོང་སྡེ། བོད་རིགས་གཅིག་ཡིན་པ་དེ་དུམ་བུར་མང་པོར་བགོས་ནས་དབང་བསྒྱུར་བྱས་ཡོད་རེད། རྒྱལ་བ་རིན་པོ་ཆེས་རང་སྐྱོང་གསུང་བ་དེ་གསལ་པོ་མི་འདུག་ཅེས་གསུང་པར་བརྟེན། དེ་གསལ་པོ་བཟོ་ཆེད་ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་༡༠ པའི་ནང་དོན་ཚན་༡༡ ཡོད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་གྱི་བསམ་འཆར་ཞེས་པ་དེ། འབྲེལ་མོལ་ཐེངས་༨ པ་དེ་གནང་བའི་སྐབས་སུ་ཡིག་ཐོག་ཏུ་སྤྲད་ཡོད་རེད། དེའི་ནང་ང་ཚོའི་རེ་འདོད་གསལ་པོ་བྱས་ནས་བྲིས་ཡོད་རེད། དེ་ལ་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནས་ཚུལ་མང་པོ་ཞིག་ལ་དྲང་བདེན་མ་ཡིན་པའི་འཁྱོག་བཤད་བྱས་པར་བརྟེན། འཁྱོག་བཤད་དེ་དག་གསལ་པོ་བཟོ་ཆེད་འགྲེལ་བརྗོད་དོན་ཚན་༧ ཅན་ཞིག་༢༠༡༠ ལོའི་ཕྱི་ཟླ་༡ པོའི་ནང་འབྲེལ་མོལ་ཐེངས་༩ པའི་སྐབས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་ཡོད་རེད”་ཅེས་གསུངས་སོང་། དེ་བཞིན་ཁོང་གིས་དེ་ལ་རྒྱ་ནག་གིས་རྒྱུ་མཚན་ལྡན་པའི་ལན་རྒྱག་ཐུབ་ཀྱི་མེད་པར་བརྟེན་རྒྱལ་སྤྱིའི་ནང་མི་ཚོ་མགོ་རྨོངས་ཆེད་སྐད་ཆ་འདྲ་མིན་བཤད་ཀྱི་ཡོད་སྐོར་སོགས་གསུངས་སོང་།
གསུང་བཤད་ཚར་རྗེས་མི་མང་གི་དྲི་བར་ལན་འདེབས་ཀྱང་གནང་སོང་ལ་མཐར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་དམ་ཆོས་དཔལ་བཟང་གིས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད་པ་རེད།