རྒྱ་ནག་གི་ལམ་ལྷོངས་མ་བྱུང་བའི་བོད་ཀྱི་སྲིད་ཇུས།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱི་རྒྱ་ནག་ཚན་པའི་འགན་འཛིན་སྭོ་ཧྥི་རི་ཆ་ཌི་སན། (Sophie Richardson) གྱིས་ཉེ་ཆར་ པེ་ཅིང་གིས་བོད་མིའི་རང་སྲེག་ངོ་རྒོལ་གྱི་དོན་རྐྱེན་ཐག་གཅོད་བྱས་པའི་གོ་རིམ་ཁྲོད་རང་སྲེག་གི་རྒྱུ་རྐྱེན་དང་དེའི་བདེན་དཔང་གཅིག་ཀྱང་མངོན་གསལ་མེད་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།

དེ་ཡང་། རྒྱ་ནག་སྲིད་གཞུང་གིས་དོན་དངོས་ཐོག་བོད་མིའི་རང་སྲེག་བཀག་འགོག་བྱེད་འདོད་པ་ཡིན་ནམ། མང་གཙོ་དོན་གཉེར་བ་ཞིག་གིས་བཤད་པ་ལྟར་ན། པེ་ཅིང་གི་སྨྲ་བརྗོད་དང་ཆབ་སྲིད་ཀྱི་ལག་ལེན་གཉིས་མཚུངས་ཀྱི་མི་འདུག་ཟེར།
རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོས་རང་སྲེག་ཐད་བཟུང་བའི་རྣམ་འགྱུར་ལ་བལྟས་ན། ཁྱོད་ཀྱིས་ཕལ་ཆེར་རྒྱ་ནག་སྲིད་གཞུང་ལ་དེའི་ཐོག་དངོས་གནས་སེམས་འཚབ་འདུག་སྙམ་སྲིད། པེ་ཅིང་གཞུང་གིས་ཐེངས་དུ་མར་བཙན་བྱོལ་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་གིས་རང་སྲེག་བརྒྱུད་སྐུལ་བྱས་པ་ཡིན་པའི་སྐྱོན་འཛུགས་དྲག་པོ་བྱས་ཡོད་ན་ཡང་། ཁོང་ཚོས་རང་སྲེག་གིས་རྐྱེན་འདས་སུ་སོང་ཟིན་པ་རྣམས་ལ་དེ་ཙམ་གྱི་སྐད་ཆ་གནག་པོ་བཤད་བཞིན་མེད། དེ་ལྟར་ནའང་པེ་ཅིང་གིས་བོད་ཁུལ་དུ་འཛིན་པའི་སྲིད་ཇུས་ཀྱི་འཕོ་འགྱུར་ལ་ལྟ་ཞིབ་ཅིག་བྱས་ན། ཁྱོད་ཀྱིས་མཐོང་བའི་གནས་བབས་ནི་མི་འདྲ་བ་ཞིག་ཡིན་ངེས།

གཞི་རྩའི་ཆ་ནས་པེ་ཅིང་གིས་རང་སྲེག་དོན་རྐྱེན་ཐག་གཅོད་བྱས་པའི་གོ་རིམ་ཁྲོད་རང་སྲེག་གི་རྒྱུ་རྐྱེན་དང་དེའི་བདེན་དཔང་གཅིག་ཀྱང་མངོན་གསལ་མེད་པ་དང་། དེ་བཞིན་ཁོང་ཚོས་ཆོས་ལུགས་རང་དབང་། རང་བཙན་ནམ་རང་སྐྱོང་། ཏཱ་ལའི་བླ་མ་རང་ཡུལ་དུ་ཕྱིར་ཕེབས་དགོས་པ་སོགས་བོད་མིའི་མངོན་འདོད་རྣམས་བསྐོང་རྒྱུའི་རྟགས་ཙམ་ཡང་བསྟན་མེད་པ་མ་ཟད། རྒྱ་ནག་གི་ས་ཁུལ་གཞན་དག་ཏུ་བཙན་ཤེད་ཀྱིས་གནས་སྤོ་དང་ས་ཁང་གི་རྩོད་རྙོག་ལ་བརྟེན་ནས་རང་སྲེག་བྱས་པའི་རྒྱ་མི་ནང་བཞིན་བོད་མིའི་ཐོག་ལ་ཁ་གསབ་གང་ཡང་བྱས་མེད། དེང་སྐབས་རྒྱ་ནག་དབུས་གཞུང་གིས་བོད་དུ་འཛིན་བཞིན་པའི་སྲིད་ཇུས་ནི་ཡིན་ལ་མིན་ལ་ཞིག་མ་ཡིན་པར་ཧ་ཅང་ཁ་གསལ་གཏིང་གསལ་ཡིན། ངོ་རྒོལ་གྱི་སྐད་སྒྲ་ཐམས་ཅད་མཐའ་གཅིག་ཏུ་བཙན་ཤེད་ཀྱིས་ཞི་འཇགས་སུ་གཏོང་བཞིན་ཡོད། འདས་པའི་ལོ་ངོ་གཅིག་གི་ནང། སྲིད་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་རང་སྲེག་སྐུལ་སློང་བྱས་པའི་ཉེས་མིང་འོག་བོད་མི་མང་པོ་ཞིག་འཇུ་བཟུང་བཙོན་འཇུག་དང་ཁྲིམས་ཐག་བཅད་ཡོད། བོད་མི་དེ་དག་གིས་རང་སྲེག་སྐོར་ཁ་བརྡ་བྱས་པ་ཙམ་ལ་བརྟེན་ནས་ཉེས་པ་དེ་དག་ཁུར་དགོས་བྱུང་བ་རེད། རང་སྲེག་བྱེད་མཁན་གྱི་ནང་མི་ཁག་ཅིག་ལ་རྒྱལ་ཁབ་ཀྱི་ལྟ་སྐྱོང་གི་འབྲེལ་ཐག་ཀྱང་བཅད་ཡོད། བོད་མི་རྣམས་ཀྱིས་རང་རང་གི་ས་གནས་སུ་བྱ་འགུལ་སྤེལ་བའི་ནུས་པ་དང་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ནུས་པ། དེ་བཞིན་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་པའི་ནུས་པ་སོགས་ལ་སྟངས་འཛིན་ནན་མོ་ཐེབས་ཡོད།

མི་རྣམས་ཀྱི་དོ་སྣང་བྱ་དགོས་ས་ཞིག་ནི་ང་ཚོའི་ཆེས་གསར་པའི་ཞིབ་འཇུག་ལས་གསལ་བ་ལྟར། དོན་དངོས་ཐོག་བོད་ནང་དུ་སྲིད་གཞུང་གི་དཔོན་རིགས་དང་རྒྱལ་ཁབ་ཀྱི་རྒྱུ་ནོར། ཐ་ན་སྤྱི་ཚོགས་བདེ་འཇགས་སོགས་ཀྱི་ཐོག་ལ་འཇིགས་སྐུལ་བྱེད་པའི་སྒྲིག་འཛུགས་ཆུང་ངུ་ཙམ་ཡང་མེད་ན་ཡང་། རྒྱ་ནག་སྲིད་གཞུང་གིས་བོད་ཁུལ་དུ་བདེ་འཇགས་ལྟ་སྲུང་གི་ལས་རིམ་ཧ་ཅང་རྒྱ་ཇེ་ཆེ་རུ་བཏང་ཡོད། སྤྱིར་རྒྱ་གཞུང་གིས་རྒྱལ་ཡོངས་སུ་གཅིག་མཚུངས་སྒོས་དོགས་ཟོན་གྱི་སྲིད་ཇུས་ཤིག་འཛིན་བཞིན་པ་མ་ཟད། དེས་མི་རྣམས་ལ་དོ་སྣང་ལྷག་པར་དུ་སླེབས་སུ་འཇུག་གི་ཡོད། འོན་ཀྱང་། རྒྱ་ནག་སྲིད་གཞུང་གིས་བོད་ཁུལ་གྱི་སྟངས་འཛིན་ནི་དེ་ལས་ཀྱང་རྒྱ་ཆེ།

བོད་མིའི་ཐལ་དྲགས་པའི་ངོ་རྒོལ་ནི་རང་ཉིད་ཀྱི་ལུས་སྟེང་དུ་སྤེལ་བ་ཙམ་ཡིན་ཞིང་། གལ་ཏེ་བོད་ཁུལ་དུ་གཞི་རྒྱ་ཆེ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་དར་བའམ་ཡང་ན་དྲག་ཆས་ཀྱི་ངོ་རྒོལ་ཞིག་བྱུང་བ་ཡིན་ན། པེ་ཅིང་གི་དྲག་པོའི་ལན་འདེབས་དེ་གཅིག་བྱས་ན་ཚད་ལས་བརྒལ་ཡོད་མི་སྲིད། ཡིན་ནའང་བོད་མིའི་གནས་བབས་དེ་ལྟར་མིན་པ་མངོན་གསལ་དོད་པོ་ཡིན་པ་མ་ཟད། ཟླ་འདིའི་ཕྱི་ཚེས་༢ ཉིན། བོད་ཀྱི་སྲིད་ཇུས་འགན་ཁུར་པའི་འགོ་ཁྲིད་མཐོ་ཤོས་ཡུ་ཏྲན་ཧྲིན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཡོངས་སུ་དྲ་བ་ཅན་(སྤྱི་སྒེར་ཡོངས་ཀྱི་གནས་ཚུལ་དྲ་ལམ་ལ་བརྟེན་ནས་ཤེས་རྟོགས་ཐུབ་པའི་དྲ་རྒྱའི་ལག་རྩལ་ཞིག་གི་མིང།) གྱི་ལས་གཞི་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་བཤད་སྟངས་ནི། དྲ་བ་ཅན་གྱི་དོ་དོམ་གྱིས་སྤྱི་ཚོགས་ཞབས་ཞུའི་ལས་དོན་དཔེར་ན་སློབ་གསོ་དང་འཕྲོད་བསྟེན་སོགས་ལ་ཕན་ཐོགས་སྔར་ལྷག་འབྱུང་རྒྱུ་ཡིན་པ་རེད། ཡིན་ན་ཡང་ལས་གཞི་དེར་རྒྱུན་ལྡན་ལས་བརྒལ་བའི་ལྟ་སྲུང་གི་ནུས་པ་ལྡན། གཞུང་གི་བརྒྱུད་ལམ་ཁག་གིས་ཁ་གསལ་ངང་དེར་ཨོ་ཝན་ཨི་ལྟ་བུའི་བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོབ་ཀྱི་ནུས་པ་ཡོད་པར་བཤད།
དྲ་བ་ཅན་གྱི་ལས་གཞི་ནི་འཛུགས་བསྐྲུན་གསར་པ་ཞིག་ཡིན་ཞིང་ཆེས་གཞི་རིམ་གྱི་མང་ཚོགས་ནང་དུ་སྲིད་འཛིན་དོ་དམ་གྱི་གོ་རིམ་གང་སར་ཁྱབ་ནས་ཡོད། ཁྲོམ་སྲང་གི་མི་ཡོད་ཚད་ཀྱིི་གནས་ཚུལ་ཐོ་འགོད་དང་ཡིག་ཚགས་སུ་ཉར་བ་སོགས་ལྷག་པར་དུ་ཆབ་སྲིད་བཙོན་ཟུར་དང་རྒྱ་གར་ནས་ཕྱིར་ལོག་པའི་བོད་མི་སོགས་ལ་ཡིན། བདེ་སྲུང་རུ་ཁག་བོད་ཀྱི་ས་ཁུལ་ཡོངས་རྫོགས་སུ་ཁྱབ་ཟིན་པ་དང་། དབུས་གཞུང་གིས་བོད་ཁུལ་དུ་ལྟ་སྲུང་ཁང་༦༠༠ ལྷག་དང་དེ་ལས་མང་བའི་སྐོར་བསྐྱོད་རུ་ཁག་ཁ་སྣོན་གྱི་ཆོག་མཆན་གནང་ཡོད།
ཉེན་རྟོག་དམག་མི་དེ་དག་གིས་གློག་ཀླད་དང་བརྙན་ལེན་པར་ཆས་སྒྲིག་བཤམས་བེད་སྤྱོད་དེས་མི་སྒེར་གྱི་བྱ་སྤྱོད་རྩད་གཅོད་བྱེད་བཞིན་ཡོད། ང་ཚོས་ཁོང་ཅག་གིས་སྒོ་གཏོར་ཏེ་ནང་དུ་འཛུལ་བ་དང་སྔོག་བཤེར་བྱེད་པའི་སྐབས་ཀྱི་བརྙན་པར་ལེན་ཐུབ་ཡོད། རྒྱ་ནག་གི་རྩ་ཁྲིམས་སུ་ལས་འགུལ་འདིའི་རིགས་སྤེལ་བར་ཆོག་མཆན་མེད། དྲ་བ་ཅན་གྱི་ལས་ཀ་བྱེད་མཁན་དང་སྐོར་བསྐྱོད་ལྟ་སྲུང་བ་མང་ཆེ་ཤོས་དམར་ཤོག་ཚོགས་པའི་ཚོགས་མི་ཡིན། ཁོང་ཚོས་ཁ་གསལ་ངང་ཆེས་མཐོའི་རང་སྐྱོང་དང་ཡང་ན་དེ་ལས་གཞན་པར་ཁས་ལེན་བྱ་ཐབས་མེད་ན་ཡང་། མི་རྣམས་ཆེས་དོགས་པ་ཟ་དགོས་ས་ཞིག་ནི་ལྟ་སྲུང་དང་ཞིབ་བཤེར། བཀག་ཉར་སོགས་ཆབ་སྲིད་ཀྱི་ཚད་གཞི་ལ་ཁུངས་གཏུགས་པའམ་ཡང་ན་རྩ་ཁྲིམས་ལ་གཞིར་བཅོལ་བ་ཡིན་མིན་ཁ་གསལ་ཁྱོན་ནས་མི་ཤེས་པ་ཞིག་རེད།

སྲིད་གཞུང་ལ་སྤྱི་པའི་སྒྲིག་ལམ་སྲུང་སྐྱོབ་ཀྱི་འོས་འགན་ཡོད་པ་ནི་སྨྲོས་མི་དགོས་པ་ཞིག་རེད་ལ། དེ་ལས་ལྷག་པའི་མི་མང་གི་བསམ་ཚུལ་ཕྱིར་བཏོན་པའི་རང་དབང་དང་ཞི་བའི་འདུ་འཛོམས་ཀྱི་ཐོབ་ཐང་ཡོད་དགོས། རང་དབང་དང་ཐོབ་ཐང་དེ་དག་ལ་སྲུང་སྐྱོབ་ཡག་པོ་ཡོད་པའི་གནས་བབས་འོག་ཁྲིམས་དཔོན་ཞིག་གི་མདུན་དུ་རྒྱུ་མཚན་ཆ་ཚང་ཡོད་པའི་ཐོག་ནས་སྲིད་སྐྱོང་དགོས། དེ་ལྟ་བུའི་ཚད་མཐོའི་ལྟ་རྟོག་ནི་ངེས་པར་དུ་དགོས་པ་ཞིག་རེད། ཡིན་ནའང་བོད་ཁུལ་དུ་དེ་ལྟ་བུའི་ཁྲིམས་ཀྱི་སྲུང་སྐྱོབ་བརྒྱུད་རིམ་དེ་སྔ་རྩ་བ་ནས་བྱུང་མེད།

རྒྱ་ནག་གི་རྩོམ་པ་པོ་མང་པོ་ཞིག་དང་མི་འདྲ་བར་རྒྱ་ནག་གི་སྲིད་གཞུང་གོང་འོག་གང་འདྲ་ཞིག་ཡིན་ནའང་། རྒྱ་གཞུང་གི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྲིད་ཇུས་ལམ་ལྷོང་མ་བྱུང་བ་ཞིག་ཏུ་ཁས་ལེན་རྩ་བ་ནས་བྱེད་མི་སྲིད། གོ་རིམ་ལྡན་པའི་སྒོ་ནས་མི་མང་གི་རྒྱབ་སྐྱོར་རག་ཐབས་མི་སྤེལ་བར་རང་ཤེད་ཁོ་ནས་རོགས་སྐྱོར་བྱེད་པ་དང་རྨང་གཞིའི་འཛུགས་བསྐྲུན་ལག་བསྟར་བྱེད་བཞིན་པ་རེད། བསམ་བཞིན་དུ་མི་མང་གི་ཡིད་ཆེས་དང་རྒྱབ་སྐྱོར་རག་ཐབས་མི་བྱེད་པ་རེད། མི་ཁ་ཤས་ཀྱིས་ངོས་འཛིན་བྱེད་པ་ལྟར་ན། ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་མི་མང་ལ་ཞབས་ཞུ་ལེགས་པར་བསྒྲུབ་ཁུལ་གྱིས་སྔར་བྱུང་མྱོང་མེད་པའི་གནས་སྤོའི་སྲིད་ཇུས་སྤེལ་བ་དང་། ལྷག་པར་དུ་འབྲོག་པའི་གནས་སྤོ་ལ་བརྟེན་ནས་ས་གནས་ཀྱི་མི་མང་དང་སྲིད་གཞུང་བར་གྱི་འགལ་ཟླ་ཆེ་རུ་ཕྱིན་ཡོད།

པེ་ཅིང་གིས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨོད་མཚམས་མི་ཆད་པར་བྱེད་པ་དེས་བོད་མི་རྣམས་ལྷག་ཏུ་མི་དགའ་བར་གྱུར་པ་ཙམ་ལས་དེ་ལ་ནུས་པ་ཅི་ཡང་མེད། པེ་ཅིང་གི་རང་ཉིད་གཅིག་པའི་མཐོང་འདོད་པའི་འཚོ་བ་སྐྱེལ་སྟངས་ཤིག་དཔེར་ན། གྲོང་ཁྱེར་ཅན་དང་དངུལ་ལོ་ཅན། མི་ཆོས་ཅན་སོགས་དེང་རབས་ཅན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་བཙན་ཤེད་ཀྱིས་བོད་མིའི་ཐོག་ཏུ་བཞག་ནའང་།དེ་ལྟ་བུའི་སྲིད་ཇུས་དེ་ལམ་ལྷོང་མ་བྱུང་བར་བདེན་དཔང་གསལ་པོར་བྱས་ཟིན་པ་རེད། བོད་ས་གང་སར་དྲ་བ་ཅན་འཛུགས་པར་བལྟས་ན་པེ་ཅིང་གིས་བོད་ཐོག་སྔར་ལས་ལྷག་པའི་བཙན་གནོན་གྱི་སྲིད་ཇུས་སྤེལ་རྒྱུ་ཡིན་པ་ལས་ལམ་ལུགས་བཅོས་བསྒྱུར་བྱེད་འདོད་རྩ་བ་ནས་མེད་པ་རེད།

མ་རྩོམ་ཡོང་ཁུངས། http://www.canyu.org/n70516c6.aspx