ཨི་རག་ཏུ་འཇབ་རྒོལ་གྱི་དོན་རྐྱེན།
ཨི་རག་གི་ས་ཆ་མང་པོའི་ནང་དུ་འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་སྟེ། ཉུང་མཐའ་ཡང་མི་༢༠ ལྷག་རྐྱེན་ལམ་དུ་བཏང་ཡོད་པ་དང་མི་༢༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
དེའང་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༥ རེས་གཟའ་ཟླ་བའི་ཉིན་ཨི་རག་གི་རྒྱལ་ས་བྷ་གྷི་ཌི་དང་བྱང་ཕྱོགས་ཀྱི་ས་ཆ་ཀིའི་ཁུ། དེ་བཞིན་ཐཱ་རྫི་མར་ཐུ། དབུས་རྒྱུད་ཀྱི་གྲོང་ཁྱེར་སཱ་མ་ལཱ་དང་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ནཱ་སི་རི་ཡཱ་བཅས་སུ་དྲག་པོའི་འཇབ་རྒོལ་གྱི་དོན་རྐྱེན་བྱུང་སྟེ། མི་༢༠ ལྷག་ལ་སྲོག་སྐྱོན་དང་༢༠༠ ལས་བརྒལ་བར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།
ད་ལྟའི་ཆར་འཇབ་རྒོལ་གྱི་དོན་རྐྱེན་དེ་མི་སྒེར་དང་ཚོགས་པ། དེ་བཞིན་སྒྲིག་འཛུགས་སུ་ཞིག་གིས་སྤེལ་བ་ཡིན་པའི་གསལ་བསྒྲགས་བྱས་མེད་ཀྱང་། རེས་གཟའ་སྤེན་པའི་ཉིན་གཏན་ཁེལ་བའི་མངའ་སྡེ་རིམ་པའི་འོས་བསྡུ་གྲ་སྒྲིག་བྱེད་བཞིན་པའི་སྐབས་དང་ཁེལ་བ་ཞིག་ཡིན་འདུག ཨ་རིའི་དམག་དཔུང་༢༠༡༡ ལོའི་ཕྱི་ཟླ་༡༢ ནང་ཨི་རག་ནས་ཕྱིར་འཐེན་བྱས་པའི་རྗེས་ཀྱི་ཨི་རག་གི་འོས་བསྡུ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད། ཡིན་ནའང་ཐེངས་འདིའི་འཇིགས་སྐུལ་དོན་རྐྱེན་ལ་བརྟེན་ནས་འོས་བསྡུ་དེ་ཟླ་གཅིག་རིང་ཕྱིར་འཐེན་བྱས་ཡོད་པ་རེད།།