ཆུ་གླང་རྩ་ཚིག་ཡག་པོ་ཀློག་དགོས་པ་གལ་ཆེན་པོ་རེད།
རྒྱལ་དབང་ལྔ་པ་ནས་ང་ཚོ་རང་བཙན་གཙང་མ་བྱས་ནས་བསྡད་པར་ཁས་ལེན་གནང་གི་རེད་དམ། ཡང་ན་༡༩༡༣ ནས་རང་བཙན་ཆགས་པ་ཁས་ལེན་གནང་གི་རེད། དེ་གཉིས་པོ་དེ་ང་རང་ཚོའི་བསམ་བློའི་ནང་གསལ་པོ་ཡོད་དགོས་པ་གལ་ཆེན་པོ་ཞེ་དྲག་རེད་ཅེས། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་མི་མང་གི་དྲི་བར་ལན་འདེབས་གནང་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་དགོང་དྲོའི་ཆུ་ཚོད་༣།༣༠ ཀྱི་སྟེང་། མེག་གྷན་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་དབུ་མའི་ལམ་མི་མང་ལས་ལས་འགུལ་ཁང་གིས། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་གདན་ཞུས་ཀྱིས། གཉིས་ཕན་དབུ་མའི་ལམ་གྱི་སྐོར་ལ་གལ་ཆེའི་གསུང་བཤད་ཅེས་པ་ཞིག་གོ་སྒྲིག་བྱས་ཡོད་པ་དང་དངོས་གཞིའི་གསུང་བཤད་ཚར་རྗེས། མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་སྐབས། བཀའ་བློན་ཁྲི་ཟུར་ཁོང་གིས་”ཕྱི་ལོ་༡༩༠༤ ལོར་དབྱིན་ཇུའི་དམག་གིས་བོད་ལ་བཙན་འཛུལ་བྱས་པར་བརྟེན་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སོག་ཡུལ་དང་རྒྱ་ནག་དེ་ཚོར་བཙན་བྱོལ་གྱི་བཟོ་འདྲ་བོར་ཕེབས་པ་རེད། དེ་ནས་ཡར་ཕེབས་པའི་རྗེས་སུ་རྒྱ་ནག་དབུས་གཞུང་གིས་སྟངས་འཛིན་གྱི་འོག་ལ་མེད་པའི་ས་མཚམས་ཀྱི་མཐའ་དམག་དེ་འདྲའི་ནང་ནས། ཡུ་ནན་དང་། སི་ཁྲོན། ཀན་སུའི་དེ་ཚོའི་ནང་ཡོད་པའི་རྒྱ་ནག་གི་དམག་མི་དེ་འདྲ་བོད་ལ་ཡོང་ནས། རྒྱལ་བ་རིན་པོ་ཆེ་ཁྲི་ལས་ཕབ་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་པར་བརྟེན། ༡༩༡༠ ལོར་སྐྱབས་མགོན་རིན་པོ་ཆེ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད། དེ་དུས་བོད་པ་རང་གིས་དམག་འཐབ་བྱས་ནས་རྒྱ་དམག་དེ་ཚོ་ལྟག་ཆུ་ཆད་པའི་རྫིང་བུ་ནང་བཞིན་དང་། རྒྱ་ནག་རང་གི་ནང་དུ་ཡང་ནམ་ཇུ་གོང་མའི་དབང་ཚད་རྫོགས་ནས་རྒྱ་ནག་མི་སེར་རྒྱལ་རྒྱབ་ཆགས་པ་དེ་འདྲའི་དབང་གིས་རྒྱ་དམག་དེ་ཚོ་མཐར་བསྐྲོད་གཏོང་རྒྱུའི་གོ་སྐབས་བྱུང་པ་རེད།
དེ་ནས་༡༩༡༣ ལོར་སྐྱབས་མགོན་རིན་པོ་ཆེ་བོད་ལ་ཞབས་སོར་འཁོད་རྗེས་ཆུ་གླང་རྩ་ཚིག་ཆེན་མོ་ཟེར་བ་ཞིག་བཀའ་གནང་ཡོད་རེད། ཆུ་གླང་རྩ་ཚིག་ཆེན་མོ་དེ་བོད་རང་བཙན་གྱི་གསལ་བསྒྲགས་རེད་ཟེར་ནས་ལབ་ཀྱི་འདུག ངས་ནི་དེ་བདེ་པོ་ཞིག་མཐོང་གི་མི་འདུག ཡིན་ན་ཡང་སྐུ་ངོ་ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཟེར་བ་དེའི་ནང་། ཡིག་ཆ་དེ་བཀོད་པའི་སྐབས་སུ་གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རང་བཙན་གསལ་བསྒྲགས་བསྐྱངས་པའི་ཡིག་ཆ་ཞེས་བཀོད་གནང་འདུག དེ་ནང་བཞིན་སྐུ་ངོ་ཞྭ་སྒབ་པ་ཁོ་རང་ཚོས་ཀ་ལིམ་སྤུངས་ནས་སྐབས་དེའི་སྐུ་ཚབ་ཚོགས་ཆུང་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་སྙན་ཞུ་ཞིག་ཡོད་རེད། དེའི་ནང་དུ་ཡང་ཡིག་ཆ་དེ་བོད་རང་བཙན་ཡིན་པའི་སྒྲུབ་བྱེད་ཀྱི་རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆ་ཡིན་ཞེས་བཀོད་ཡོད་རེད། དེའི་དབང་གིས་མི་མང་པོ་ཞིག་གི་བསམ་བློའི་ནང་༡༩༡༣ གྱི་བར་དུ་བོད་རང་བཙན་མིན་པའི་བསམ་བློ་འཁོར་གྱི་འདུག”་ཅེས་གསུངས་ཏེ་མི་རིགས་གཞན་གྱིས་བྲིས་པའི་ཕྱག་དེབ་དེ་ཚོའི་ནང་དུ་ཡང་༡༩༡༣ ནས་༡༩༥༡ བར་བོད་དེ་རང་བཙན་གཙང་མ་རེད་ཅེས་བྲིས་ཡོད་སྐོར་གསུངས་སོང་།
རྩ་ཚིག་དེ་རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆ་ཡིན་མིན་གྱི་སྐོར་ནས་ཁོང་གིས་མུ་མཐུད་དུ་། “སྐུ་ངོ་ཞྭ་སྒབ་པས་ལྗགས་རྩོམ་གནང་བའི་རྒྱལ་རབས་དེ་ལས་གཞན་པའི་ཡིག་ཆའི་ནང་ཆུ་གླང་རྩ་ཚིག་དེ་རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆ་ཡིན་པར་གསལ་བ་དེ་འདྲ་ངས་ནི་ཕལ་ཆེར་མཇལ་མ་སོང་། རྩ་ཚིག་ཁོ་རང་གི་ངོ་གདོང་ལ་བལྟས་པ་ཡིན་ན་མགོ་ནས་མཇུག་བར་དུ་རང་བཙན་ཟེར་བའི་ཚིག་ཅིག་ཁྱོན་ནས་བེད་སྤྱོད་གནང་ཡོད་མ་རེད། བོད་རང་བཙན་ཟེར་བའི་ཚིག་ཅིག་བེད་སྤྱོད་གནང་ཡོད་མ་རེད། བོད་དང་རྒྱ་ནག་གི་འབྲེལ་བ་དེ་མཆོད་ཡོན་གྱི་འབྲེལ་བ་ཡིན་མ་གཏོགས་གཅིག་འོག་གཅིག་ཏུ་ཡོད་པའི་འབྲེལ་བ་མིན་ཟེར་བ་དེས་འདས་པའི་བྱུང་རབས་དེ་གསུང་གི་ཡོད་རེད། དེ་རིང་ནས་དེ་གསར་དུ་བྱུང་པ་ཡིན་ཞེས་གསུང་གི་ཡོད་མ་རེད། ང་ཚོས་རང་བཙན་གསལ་བསྒྲགས་ཟེར་བའི་གོ་དོན་ག་རེ་རེད། དེ་གསལ་པོ་བྱས་ནས་གཟིགས་དགོས་ཀྱི་ཡོད་རེད། སྔོན་མ་ནས་རང་བཙན་ཡིན་ན། ༡༩༡༣ གྱི་སྔོན་ལ་བོད་དེ་རྒྱ་འོིག་ལ་རེད་མ་རེད་དེ་རྩོད་གཞི་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྐུ་ཚབ་ཚོགས་པ་ཚོར་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་བར་བཀའ་མོལ་ཡོང་ཐབས་ལ་འདས་པའི་བྱུང་རབས་ལ་འགྱུར་བ་མ་བཏང་གི་བར་དུ། ཁ་བྲལ་འགྲོ་བའི་ས་བོན་དེ་མེད་པ་བཟོ་ཡི་ཡོད་མ་རེད། དེར་བརྟེན་ང་ཚོས་བཀའ་མོལ་གནང་ཐུབ་ཀྱི་མ་རེད་ཟེར་ནས་རྟག་པར་ལབ་ཀྱི་ཡོད་རེད།
ང་ཚོའི་སྐུ་ཚབ་ཚོས་དེ་ལ་འདས་པ་དེ་འདས་པ་རེད། དེ་ཡང་བསྐྱར་བཟོ་ཡ་ཡོད་མ་རེད། དེ་བཟོ་བཅོས་བརྒྱབ་པ་ཡིན་ན་ལོ་རྒྱུས་དེ་སྐྱག་རྫུན་བཤད་པ་རེད། ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་ང་ཚོས་མ་ཡིན་པ་ཞིག་ཡིན་པར་ནམ་ཡང་ངོས་འཛིན་བྱེད་ཐུབ་ཀྱི་མ་རེད་ཅེས་བཤད་ཡོད་རེད། བོད་རྒྱའི་འབྲེལ་མོལ་གྱི་འགག་ས་ཆེ་ཤོས་གཅིག་དེ་ཆོལ་གསུམ་ཆིག་སྒྲིལ་དང་བྱུང་རབས་ཀྱི་གནས་སྟངས་གཉིས་པོ་དེ་རེད། གལ་ཏེ་གནད་དོན་དེའི་ཐོག་ང་ཚོའི་ངོས་ནས་བསམ་བློ་བཏང་ན་གནད་དོན་གཞན་པར་ཏན་ཏན་ཁོ་ཚོས་བསམ་བློ་གཏོང་གི་རེད་བསམ་བསམ་ཞིག་ཡོད་རེད། ཁོང་ཚོས་དེ་བསྒུག་བསྡད་ཡོད་རེད། སྐྱབས་མགོན་རིན་པོ་ཆེས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིང་པོ་ཞིག་གི་ནང་། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སོག་ཡུལ་དང་རྒྱ་ནག དེ་ནས་རྒྱ་གར་ལ་ཕེབས་རྗེས་བོད་ཀྱི་མངའ་དབང་གི་གནས་བབ་གསལ་བཤད་གནང་ཡོད་རེད་ཅེས་བཀོད་གནང་འདུག ཆུ་གླང་རྩ་ཚིག་ཆེན་མོ་དེ་ག་རེའི་དོན་དུ་གནང་པ་རེད་ཟེར་ན། བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་གསལ་པོ་བཟོ་ཆེད་དུ་གནང་པ་ཞིག་རེད་ཅེས་བཀའ་གནང་ཡོད་རེད། དེར་བརྟེན་རྩ་ཚིག་དེའི་ནང་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། ལྷག་པར་དུ་རྒྱལ་མཆོག་ལྔ་པ་ནས་བཟུང་སྟེ་མན་ཇུ་གོང་མ་རིམ་བྱོན་དང་བོད་གཉིས་པོ་དེ་མཆོད་ཡོན་སྦྱིན་བདག་གི་འབྲེལ་བ་རེད་མ་གཏོགས་ཆབ་སྲིད་ཀྱི་གཅིག་འོག་གཅིག་ཡོད་པའི་འབྲེལ་བ་དེ་མ་རེད་ཟེར་ནས་དེ་གསལ་བཤད་གནང་བ་རེད། དེ་གསལ་བཤད་གནང་པ་དེ་གལ་ཏེ་རང་བཙན་གྱི་གསལ་བསྒྲགས་ཡིན་ན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ནས་རང་བཙན་ཡིན་ཞེས་གསུང་གི་ཡོད་པར་ཆ་འཇོག་དགོས་ཀྱི་རེད་བསམ་གྱི་ཡོད། དེང་སང་ཕྱི་རྒྱལ་གྱི་མི་མང་པོས་ནོར་འཁྲུལ་གྱིས་༡༩༡༣ ནས་བོད་རང་བཙན་བྱས་ནས་བསྡད་པ་རེད་ཅེས་པ་དེ་ཕལ་ཆེར་འདི་འདྲའི་འཁྲུལ་ཤེས་ཀྱི་ཐོག་ནས་ལབ་ཀྱི་ཡོད་རེད་བསམ་གྱི་ཡོད། ང་ཚོས་རང་བཙན་གསལ་བསྒྲགས་ཟེར་ནས་ཞེ་དྲག་ལབ་ཀྱི་ཡོད་རེད། ཡིན་ན་ཡང་ཡི་གེ་དེའི་མགོ་ནས་མཇུག་བར་དུ་བལྟས་པ་ཡིན་ན་རང་བཙན་ཟེར་བའི་ཚིག་དེ་མགོ་མཇུག་གང་དུ་ཡང་བེད་སྤྱོད་གནང་ཡོད་མ་རེད”་ཅེས་གསུངས་སོང་།
ཡང་ཁོང་གིས་”གླེང་གཞིའི་ནང་དབུས་གཙང་ནས་ད་རྒྱ་དམག་མཐར་བསྐྲོད་བཏང་ཟིན་པ་ཡིན། ཡིན་ན་ཡང་ཁམས་ཕྱོགས་ནས་མཐར་བསྐྲོད་གཏོང་རྒྱུ་བསྡད་ཡོད་ཅེས་བྲིས་ཡོད་རེད། དེའི་ནང་མདོ་སྨད་ཀྱི་སྐད་ཆ་ཁྱོན་ནས་ཡོད་མ་རེད། གང་ཡིན་ཟེར་ན་སྐབས་དེར་འབྲི་ཆུ་ཡན་ཆད་མན་ཆད་བྱས་ནས་མདོ་སྟོད་ཀྱི་ཕྱེད་ཀ་རྒྱ་སྡེའི་ཁོངས་སུ་བརྩི་ཡི་ཡོད་པར་བརྟེན། དབུས་གཙང་དང་མདོ་སྟོད་ཀྱི་ཕྱེད་ཀ་དེ་མ་གཏོགས་ཡོད་མ་རེད། རྩ་ཚིག་དེའི་ནང་མདོ་ཁམས་ཞེས་པའི་ཚིག་དེ་དང་མདོ་སྨད་ཅེས་པའི་ཚིག་དེ་བེད་སྤྱོད་གནང་ཡོད་རེད། དེའི་ནང་གི་མདོ་སྨད་དེ་ཨ་མདོར་གསུང་གི་ཡོད་མ་རེད། སྐབས་དེར་ཁམས་ལ་མདོ་སྨད་ཅེས་ལབ་ཀྱི་ཡོད་རེད། མདོ་སྨད་ཟེར་བའི་སྐད་ཆ་གསལ་པོ་ཆགས་པ་དེ་ལྔ་བཅུ་ལྔ་དྲུག་ལྔ་བདུན་ནང་དུས་འཁོར་དབང་ཆེན་གྱི་སྐབས་རེད། རྒྱ་གར་ནང་སྤྱི་འཐུས་ལྷན་ཁང་གསར་དུ་བཙུགས་སྐབས་མདོ་སྟོད་སྤྱི་འཐུས་དང་མདོ་སྨད་སྤྱི་འཐུས་ཟེར་ནས་ཆོལ་ཁ་གསུམ་གསལ་པོ་ཆགས་པ་རེད། དེའི་སྔོན་དུ་བོད་པའི་ཁ་སྐད་ལ་ཁམས་པར་མདོ་སྨད་ཅེས་ལབ་ཀྱི་རེད། མདོ་ཁམས་དང་མདོ་སྨད་གཉིས་ཆ་ལབ་ཀྱི་རེད། རྕ་ཚིག་དེའི་ནང་ཆོལ་ཁ་གསུམ་དང་རང་བཙན་གྱི་སྐད་ཆ་ཡོད་མ་རེད། དེའི་ནང་བཀའ་མོལ་ཡོད་པ་དེ་མན་ཇུ་དང་བོད་ཀྱི་འབྲེལ་བ་མཆོད་ཡོན་གྱི་འབྲེལ་བ་ཡིན་ཞེས་གསུངས་ཡོད་རེད། དེ་བཞིན་འགྲོ་མགོན་ཆོས་རྒྱལ་འཕགས་པ་མན་ཆད་ཀྱི་བོད་ཀྱི་གནས་བབ་དེ་གསུངས་ཡོད་རེད། དོན་དག་གཙོ་བོ་དོན་ཚན་ལྔ་ཡོད་རེད། དོན་ཚན་ལྔ་དེ་ཆབ་སྲིད་དང་འབྲེལ་བ་གཏན་ནས་ཡོད་མ་རེད། སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ཀྱི་སྐོར་རེད། གནད་དོན་འདིའི་ཐོག་དྲི་བ་ངོ་མ་ཞིག་ག་རེ་ཡོད་རེད་ཟེར་ན། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་༡༩༡༢ ཀྱི་བར་བོད་དེ་རྒྱ་ནག་གི་མངའ་ཁོངས་དང་། ༡༩༡༣ ནས་བོད་དེ་རང་བཙན་ཡིན་པ་གསལ་བསྒྲགས་གནང་པ་རེད་ཅེས་ལབ་ན། དེའི་བར་ང་ཚོ་རྒྱ་ནག་གི་ཆ་ཤས་རེད་འདུག ཁ་བྲལ་ཐབས་མེད་པའི་ཆ་ཤས་རེད་འདུག་ཅེས། རྒྱ་ནང་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཤད་བཞིན་བྱུང་རབས་དེ་ལ་ང་ཚོས་འགྲིག་རྟགས་རྒྱག་དགོས་རེད། ༡༩༡༣ ནས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་དེ་རང་བཙན་བཟོ་གནང་འདུག་ཅེས་ལབ་པ་ཡིན་ན། ང་ཚོས་ད་ལྟ་བཤད་བཞིན་པའི་བྱུང་རབས་དེ་ཆ་ཚང་འཕྲོ་བརླགས་ཀྱི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། དེ་མ་ཡིན་པར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་བར་བོད་རང་བཙན་ཡིན་པ་གསལ་བསྒྲགས་བྱས་པ་རེད་ཅེས་ལབ་ན། རང་བཙན་གསལ་བསྒྲགས་ཞེས་པའི་ཚབ་ཏུ་རང་བཙན་བསྐྱར་ནན་ཞེས་བཤད་ན་ཡག་གི་རེད་བསམ་གྱི་ཡོད”་ཅེས་དང་།
མཐར་ཁོང་གིས་རྩ་ཚིག་དེ་མི་མང་གིས་ཡག་པོ་ཀློག་དགོས་པ་གལ་ཆེན་ཡིན་སྐོར་ཐད་གསུང་དོན། “ང་ལ་དྲི་བ་གཏོང་བ་ལས་རྩ་ཚིག་དོན་ཚན་ལྔ་ཅན་དེ་ཆ་ཚང་ཀློག་གནང་དང་དེ་ནས་དེ་ག་རེ་ཡིན་མིན་མཁྱེན་གྱི་རེད། དོན་དག་གཅིག་དེ་རེད། དོན་དག་གཉིས་པ་དེ་ང་ཚོས་བྱུང་རབས་ག་འདྲ་བྱས་ནས་ཁས་ལེན་གྱི་ཡིན་པ། རྒྱལ་བ་ལྔ་པ་ནས་ང་ཚོ་རང་བཙན་གཙང་མ་བྱས་ནས་བསྡད་པར་ཁས་ལེན་གནང་གི་རེད། ཡང་ན་ཡང་༡༩༡༣ ནས་རང་བཙན་ཆགས་པ་ཁས་ལེན་གནང་གི་རེད། དེ་གཉིས་པོ་དེ་ང་རང་ཚོའི་བསམ་བློའི་ནང་གསལ་པོ་ཡོད་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། སྔོན་མ་ནས་རང་བཙན་ཡིན་པ་ངོས་ལེན་གནང་གི་ཡོད་ན། དུས་རབས་བརྒྱ་ཕྲག་༡༣ པའི་ནང་ལོ་ལྔ་བཅུ་མ་ཟིན་ཙམ་ཞིག་སོག་པོའི་འོག་ལ་བསྡད་པ་མ་གཏོགས་ཆོས་རྒྱལ་ཚོའི་སྐུ་དུས་ནས་༡༩༥༡ བར་བོད་དེ་གཞན་གྱི་བཙན་དབང་འོག་སོང་ཡོད་མ་རེད། དབྱིན་དམག་བོད་ལ་སླེབས་པའི་སྐབས་སུ་ཡང་བོད་ཀྱི་མངའ་དབང་འཕྲོག་ཡོད་མ་རེད། རྒྱ་དམག་བོད་ལ་སླེབས་ནས་རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་ཕེབས་དགོས་བྱུང་བའི་སྐབས་སུ་ཡང་དམག་སླེབས་པ་རེད་མ་གཏོགས་བོད་ཀྱི་མངའ་དབང་འཕྲོག་ཡོད་མ་རེད། བོད་ཀྱི་གཞུང་དང་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་ཇི་མ་ཇི་བཞིན་བསྡད་ཡོད་རེད། གནས་ཚུལ་དེ་ཞིབ་ཚགས་པོར་ང་ཚོའི་བསམ་བློའི་ནང་ཡོད་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད་ཅེས་དང་། ཡང་ཁོང་གིས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་རེད། ཁོང་གི་བཀའ་དྲིན་རྗེས་དྲན་བྱེད་དགོས་པ་ཡིན་ད་ཡིན། བཀའ་དྲིན་རྗེས་དྲན་བྱེད་པའི་སྐབས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་གསུང་བྱེ་བྲག་པ་གཅིག་ཆབ་སྲིད་ཀྱི་དགོས་མཁོ་འདྲ་བོ་བྱས་ནས་ཟུར་དུ་བཏོན་ཏེ། ཁྲ་ཁྲ་ཞེ་དྲག་བྱས་ན་དེས་ཕན་ཐོགས་ཡོད་མ་རེད་བསམ་གྱི་འདུག རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཆུ་སྤྲེལ་ཞལ་གདམ་དེ་ལས་ཀྱང་གནད་འགག་ཆེ་བ་ཆགས་ཡོད་རེད། གང་ལྟར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་གསུང་ལ་བོད་གཞུང་མང་གཉིིས་ནས་ཇི་གསུང་བཀའ་སྒྲུབ་མ་བྱུང་བ་ལ་བརྟེན་ནས་གནས་སྟངས་འདི་བྱུང་པ་རེད། ད་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཇི་གསུང་བཀའ་སྒྲུབ་མ་ཞུས་པ་ཡིན་ན་མ་འོངས་པར་གནས་བབ་ག་འདྲ་ཞིག་ཡོང་གི་རེད་དེ་ཚོ་ཚང་མར་དཔྱད་པ་བྱས་ན་ཡག་པོ་རེད་བསམ་གྱི་འདུག
དེ་ནས་ཀྱང་ཚབ་ཆེ་བ་ཞིག་ང་ཚོའི་བསམ་བློའི་ནང་མཚམས་མཚམས་སུ་མ་བདེ་བ་ཆེན་པོ་ཡོང་ཡ་ཞིག་ག་རེ་ཡོད་རེད་ཟེར་ན། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པར་ཞེ་དྲག་གཟེངས་བསྟོད་བྱས་ནས། དེའི་ཟོལ་དུ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དེ་གལ་མིན་མདོག་མདོག་གི་བརྡ་ཞིག་སྟོན་ཐབས་བྱེད་ཀྱི་མེད་འགྲོ་བསམ་པའི་ཚོར་སྣང་ཡོང་གི་འདུག ཡིན་མདོག་ཁ་པོ་མ་རེད། ཡིན་ན་ཚང་མས་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཀྱི་རེད་བ། སྐུ་ཕྲེང་བཅུ་གསུམ་པས་རང་བཙན་གསལ་བསྒྲགས་གནང་བ་རེད། སྐུ་ཕྲེང་བཅུ་བཞི་པས་རང་བཙན་བཙོང་པ་རེད་ཟེར་བ་དེ་འདྲའི་རྣམ་འགྱུར་ཞིག་སྟོན་ཐབས་སུ། ད་རེས་སྲུང་བརྩི་བྱེད་ཀྱི་ཡོད་ན་སུ་གང་གིས་ངོས་ལེན་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་མ་རེད་”ཅེས་གསུངས་སོང་།