ལོ་བཅུའི་བཞུད་ལམ་ལ་ཕྱི་ལྟས་སློག་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༣༤   ཕྱི་ལོ་ ༢༠༡༣/༤/༡༧
བོད་ཀྱི་བང་ཆེན་གསར་ཤོག་འདི་ཉིད་ཕྱི་ལོ་༢༠༠༣ ལོའི་ཟླ་༤ ཚེས་༡༨ ཉིན་གསར་དུ་འདོན་འགྲེམས་ཞུས་ནས་ད་བར་མི་ལོ་ཧྲིལ་པོ་བཅུ་འཁོར་བ་རེད། སྤྱིར་ལོ་བཅུའི་དུས་ཡུན་འདི་ཉིད་ཧ་ཅང་ཐུང་ངུ་ཞིག་ཡིན་མོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་གསར་ཤོག་འདོན་འགྲེམས་བྱེད་མཁན་ཇི་སྙེད་ཅིག་བྱུང་མྱོང་བའི་ནང་ནས་མང་ཆེ་བ་རྒྱུན་རིང་པོ་མ་འགོར་བར་མཚམས་འཇོག་དགོས་བྱུང་ཡོད་པས།

མཐུན་རྐྱེན་དང་ཁོར་ཡུག་གང་ཐད་ནས་བཤད་ཀྱང་འདས་པའི་ལོ་བཅུའི་རིང་མུ་མཐུད་ནས་འདོན་འགྲེམས་བྱེད་ཐུབ་པ་དེ་ཡང་གཟི་བརྗིད་ཅིག་ཏུ་མི་བརྩི་ཀ་མེད་དུ་གྱུར་ཡོད། དེར་བརྟེན་ད་བར་མི་ལོ་བཅུའི་རིང་གི་ཀྱག་ཀྱོག་གི་བཞུད་ལམ་ལ་ཕྱི་ལྟས་ཤིག་བྱས་པའི་ཚེ། དཀའ་ངལ་འབད་བརྩོན་གང་མང་ཞིག་བརྒྱུད་དགོས་བྱུང་ཡོད་པ་དང། ཁ་རྡུང་དང་གནོན་ཤུགས་སྤྲོད་མཁན་ཡང་བྱུང་ཡོད། དེ་དག་ལས་ཀྱང་ལྷག་པར་བསྟོད་བསྔགས་དང་དབུགས་དབྱུང་མཐུན་འགྱུར་བཅས་གནང་མཁན་ཡང་ཇི་སྙེད་ཅིག་བྱུང་ཡོད་པ་དེ་དག་ནི། བོད་ཀྱི་བང་ཆེན་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཡར་རྒྱས་ཀྱི་རམ་འདེགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

འཇིག་རྟེན་གྱི་བྱ་དངོས་གང་ཡིན་ཡང་མི་སོ་སོའི་བལྟ་སྟངས་མི་འདྲ་བ་ཡོད་པ་ཆོས་ཉིད་ཡིན་པ་དང། གསར་འགྱུར་གང་དང་གང་བྱུང་ཡང་གསར་འགོད་པ་སོ་སོའི་གསར་འགྱུར་གྱི་སྙིང་བཅུད་ལེན་སྟངས་དང་བསྡོམས་རྒྱག་སྟངས་མི་འདྲ་བས། གནས་ཚུལ་གཅིག་ལ་བལྟ་སྟངས་མི་འདྲ་བ་མང་པོ་ཡོད་པ་བཞིན། ཀློག་མཁན་རྣམས་ཀྱི་ངོས་ནས་ཀྱང་འདོད་པ་ཁེངས་མ་ཁེངས་ཀྱི་གནས་ཚུལ་རེ་ཟུང་བྱུང་ཡོད་པ་དང་ཡོང་སྲིད་པའི་གནས་ཚུལ་འདི་དག་ཟློག་ཐབས་མེད་ཀྱང། འདི་ནས་གསར་འགྱུར་གང་ཡིན་ཡང་གང་མཐོང་བ་དང། འབྲེལ་ཡོད་ཚོས་གསུངས་པའི་གནས་ཚུལ་གང་ཐོས་པ་གཙོ་བཟུང་བྱས་པ་ལས་རང་སྣང་གང་དྲན་གྱིས་བཟོ་བཅོས་བྱས་པ་མེད་ལ། གསར་འགྱུར་གང་ཡིན་པ་དེ་བཀོད་པ་ལས་གསར་འགྱུར་གྱི་མཇུག་ཏུ་གསར་འགོད་པ་དང་རྩོམ་སྒྲིག་པའི་བསམ་ཚུལ་གྱིས་ཁ་སྣོན་བྱས་པའང་མེད། དེར་བརྟེན་གསར་འགྱུར་ལེ་ཚན་དུ་གང་འཁོད་པ་དེ་གསར་འགྱུར་རང་ཡིན་པར་ཡིད་ཆེས་གནང་ཆོག་པ་ཞིག་ཡོང་ཐབས་གཙོར་འདོན་བྱས་ཡོད།

ད་དུང་གསར་འགོད་རང་དབང་གི་ས་མཚམས་གླེང་བའི་སྐབས་སུ་བསམ་ཚུལ་དང་ལྟ་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང། ང་ཚོ་བཙན་བྱོལ་བོད་མི་རྣམས་མིའི་ལུང་པ་རུ་རང་དབང་རྩོད་ལེན་བྱེད་བཞིན་པའི་མི་རིགས་ཤིག་ཡིན་པའི་ཆ་ནས་རང་དབང་དང་འགན་ཁུར་གཉིས་དོ་མཉམ་ཞིག་ཡོང་ཐབས་སུ་ཧུར་བརྩོན་བྱེད་པ་ལས། གསར་འགོད་པ་ཡིན་པ་དང་རང་དབང་ལུང་པ་ཡིན་པ་རྒྱུ་མཚན་དུ་བྱས་ནས་གང་བྱུང་མང་བྱུང་གི་གནས་ཚུལ་འདོན་སྤེལ་བྱ་རྒྱུར་གཙོར་འདོན་བྱས་མེད། སྐབས་རེ་གསར་འགྱུར་འུར་ཚ་པོའི་རིགས་ཕུགས་ཀྱི་ཕན་གནོད་ལ་བསམ་བློ་མ་བཏང་བར་འགོད་འགྲེམས་བྱས་ན། དུས་ཐུང་ནང་གསར་ཤོག་གི་འགྲོ་རྒྱུག་ལ་ཕན་ཐོགས་ཡོད་ཀྱང། རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པའི་འདུ་ཤེས་མ་དོར་བའི་ཐོག་ནས་བོད་ཀྱི་རྩ་དོན་ལ་ཕན་གནོད་དང་འབྲེལ་བའི་རིགས་དང། གནས་ཡུལ་རྒྱ་གར་གཞུང་དང་མི་མང་གི་འདོད་མོས་དང་གོམས་གཤིས་ལ་བརྩི་འཇོག། ལྷག་པར་དུ་རྒྱ་དམར་དྲག་གཞུང་གི་བེད་སྤྱོད་ལོག་པར་མི་འགྲོ་བར་འགན་གཙོ་བོ་ཁུར་བའི་ཐོག་ནས་དབྱེ་ཞིབ་ཟབ་ནན་བྱེད་བཞིན་ཡོད།

གསར་ཤོག་ཐོག་མ་འགོ་འཛུགས་སྐབས་དཔལ་འབྱོར་གྱི་མཐུན་རྐྱེན་ཞན་པ་མ་ཟད། ལས་དོན་དངོས་ཀྱི་ཐོག་ལ་ཉམས་མྱོང་མེད་པ། ལྷག་པར་དུ་ལས་ཀ་བྱེད་མཁན་མི་གཉིས་ཙམ་ལས་མེད་པས་དཀའ་ངལ་གང་མང་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་བ་མ་ཟད། གསར་ཤོག་འགོ་བཙུགས་ནས་རྒྱུན་རིང་མ་འགོར་བའི་སྐབས་སུ་ཁྲིམས་གཏུག་བྱ་རྒྱུའི་སྡིགས་ར་སྐུལ་མཁན་ཡང་བྱུང་སོང་མོད། སྐབས་དེ་ནས་བཟུང་ལས་དོན་དངོས་ལ་ཧུར་བརྩོན་གྱི་ཨམ་གཙིགས་དམ་དུ་བསྡམས་ཤིང། ལས་བྱེད་ནང་ཁུལ་གྱི་མཐུན་སྒྲིལ་དེ་མཛུབ་མོ་ལྔ་བཅངས་ལྕགས་ཀྱི་ཁུ་ཚུར་ལྟ་བུ་གནམ་ལ་ཕྱར་ནས། འགལ་རྐྱེན་གང་ལའང་གདོང་ལེན་བྱེད་པའི་སྤོབས་སེམས་གསར་པ་ཞིག་བསྐྲུན་ཐུབ་པ་ནི། ང་ཚོའི་ལས་དོན་འདིའི་ཟློག་ཕྱོགས་ནས་ལངས་ཏེ་རྒྱབ་ནས་སྦྱོར་ངན་རྩོམ་མཁན་དང། མདུན་ནས་སྡིགས་ར་སྐུལ་མཁན་དེ་དག་གི་བྱེད་སྟངས་ལ་བརྟེན་ནས་བྱུང་ཡོད་པ་ཉམས་མྱོང་དངོས་ཀྱི་ཐོག་ནས་ར་སྤྲོད་གསལ་པོ་བྱུང་ཡོད་པས། ལོ་བཅུ་འཁོར་བའི་དུས་ཆེན་འདི་དང་སྟབས་བསྟུན་ནས་ཁོང་རྣམས་ཀྱང་བཀའ་དྲིན་ཆེན་པོ་ཡིན་ཞེས་བརྗོད་འདོད་བྱུང།

མདོར་ན་འདས་པའི་ལོ་བཅུའི་རིང་ལས་དོན་གྱི་གྲུབ་འབྲས་འདི་དང་འདི་རེད་ཅེས་མཛུབ་མོ་འཛུགས་ས་ཞིག་མེད་ཀྱང། དུས་རྒྱུན་བྲེལ་བ་ཁོ་ན་བྱེད་དགོས་པ་དང། སྐབས་རེ་ཉིན་མཚན་ལྟོས་མེད་ཀྱིས་ལས་དོན་སྒྲུབ་དགོས་པ་མང་པོ་རེད། འོན་ཀྱང་དེ་དག་ཚང་མ་མ་བསྐུལ་དང་བླངས་ཀྱིས་བསྒྲུབས་པའི་ལས་དོན་ཞིག་ཡིན་པས་སུ་གཅིག་ལ་སྡུག་ཡུས་དང་ངོ་སོ་ཤོད་དགོས་པ་ཞིག་གཏན་ནས་མིན། མཐའ་དོན་ད་བར་ལོ་བཅུའི་རིང་རྒྱུན་སྲིང་བྱེད་ཐུབ་པ་ནི་དཔལ་འབྱོར་གྱི་རོགས་རམ་གནང་མཁན་རྣམ་པ་དང། བསམ་བློའི་རྒྱབ་སྐྱོར་གནང་མཁན་གྱི་རྩོམ་པ་པོ་རྣམ་པ། གཙོ་ཆེ་ཤོས་གསར་ཤོག་ལ་མཐོང་དང་དོ་སྣང་ཆེན་པོའི་ཐོག་ནས་བལྟ་ཀློག་བྱེད་མཁན་དག་གི་བཀའ་དྲིན་དང་ཁ་འབྲལ་ཐབས་མེད་པས། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང།  ལྷག་དོན་མུ་མཐུད་བོད་ཀྱི་བང་ཆེན་གསར་ཤོག་ལ་སྔར་བཞིན་རྒྱབ་སྐྱོར་དང་མཐུན་འགྱུར་གནང་རྒྱུའི་རེ་བ་ཟབ་མོ་སྙིང་དབུས་སུ་བཅངས་ཡོད།།