༄༅།།སྲེང་ཆུང་མ་ལ་སྤྲིང་པའི་འཕྲིན།

དྲིན་ཆེན་ཕ་མ་བཟང་པོའི་སྐུ་མདུན་ནས།།

ལྷན་འཚར་བདག་གི་བརྩེ་བའི་སྲིང་ཚུང་མ།།

ཁྱོ་ཉིད་བདེ་མོ་ཨ་ཡིན་སྲིང་ཆུང་མ།།

བདག་གི་སེམས་ཀྱི་སྐད་ཆ་གསན་རོགས་ཞུ།།

ཁ་སང་ཕ་མ་བཟང་པོའི་ཞལ་མངའ་ནས།།

དེ་རིང་ཁྱོད་ཀྱི་གཉེན་སྒྲིག་ཉིན་མོ་ཟེར།།

རྒྱང་རིང་ས་མཐའི་ཡུལ་གྱི་གཅན་པོ་ངས།།

ཁྱོད་ལ་ཁ་པར་བཏང་ནས་ཁ་བརྡ་བྱས།།

ཁྱོད་ཀྱི་གསུང་ལས་སྐྱོ་བའི་སྣང་བ་རྟོགས།།

འོན་ཀྱང་འཇིག་རྟེན་འགྲོ་ལུགས་དེ་འདྲ་རེད།།

ཁྱོད་ལ་ཁ་བརྡ་ཅི་བྱེད་མི་ཤེས་ཀྱང།།

ཕ་མའི་ཁ་ལ་ཉོན་ཞེས་ཡང་ཡང་བཤད།།

དྲིན་ཆེན་ཕ་མའི་དྲིན་ལན་དེ་ལས་མེད།།

རང་གི་མི་ཚེ་བཟང་བ་དེ་ནས་ཡོང།།

གཡས་གཡོན་སྤུན་གྱི་མཛའ་མཐུན་དེ་ནས་ཡོང།།

དེ་ལས་ལྷག་པའི་བསླབ་བྱ་ངས་མ་ཤེས།།

ཁྱོད་ནི་ཁྱིམ་ཚང་འདི་ཡི་བདག་མོ་ཡིན།།

ཕ་མའི་བཀའ་བཞིན་རང་གི་ལས་ལ་རྩོན།།

བདེ་བཞིན་སྐྱིད་པའི་ཁྱིམ་ཚང་ཁྱོད་སྐྱིས་སྐྱོངས།།

ནམ་ཞིག་ངེས་གཉིས་འཕྲད་པའི་སྨོན་ལམ་ཐོབས།།

ཁོ་བོ་ས་མཐའི་ཡུལ་དུ་གྱར་མོད་ཀྱང།།

རང་གི་འཚོ་བར་དཀའ་ངལ་ཆེར་མེད་པས།།

ཁོ་བོའི་ཕྱོགས་ལ་ཐུགས་ཁྲལ་གནང་མི་དགོས།།

གཙོ་བོ་ཁྱོད་ཉིད་བདེ་བའི་དོན་ལ་རྩོན།།

རང་གི་མཛའ་གྲོགས་བར་ལ་འཆམ་མཐུན་བྱོས།།

གང་དུ་སོང་ཡང་གཞན་ལ་བསྟུན་མཁས་བྱོས།།

མི་སེམས་མགུ་བའི་བྱ་བ་དེ་ལས་མེད།།

དྲིན་ཆེན་ཕ་མའི་བསླབ་བྱ་སྙིང་ལ་ཟུངས།།

གཅན་པོས་རྒྱ་རིང་ས་མཐའི་གྲུ་ཟུར་ནས།།

ཁྱེད་ཚོ་བདེ་བའི་སྨོན་ལམ་ཡང་ཡང་ཡོད།།

བླ་མ་བཟང་པོར་སྐྱབས་ཞུ་བྱེད་ཞོར་དུ།།

ཁྱེད་ཚོ་སེམས་ཀྱི་གཏིང་ནས་དྲན་བཞིན་ཡོད།།

དེ་རིང་ཁ་པར་ནང་ནས་གོ་ཐོས་ལ།།

གཉེན་ཉེ་སྤུན་མཆེད་ཚང་མ་འཛོམས་ཡོད་ཟེར།།

འོན་་ཀྱང་བསོད་ནམས་མེད་པའི་འཁྱམ་པོ་ང།།

ས་མཐའི་ཡུལ་འདིར་ལུས་པས་སེམས་པ་སྐྱོ།།

གང་བཤད་ལྷད་མེད་སེམས་ཀྱི་དཀྱིལ་ནས་ཡིན།།

དེ་ཀུན་ཡིད་ལ་བཟུང་ཞིག་སྲིང་ཆུང་མ།།

མ་ཤི་ཚེ་རིང་བྱུང་ན་མཇལ་ནས་ཡོང།།

ཕ་མའི་གམ་དུ་བདེ་བར་བཞུགས་ཤིག་ཨང།།