ངས་ཁོ་མོ་ལ་མི་ཡུལ་མཛེས་པའི་མཛེས་མ་ཞེས་བརྗོད་ན་འདོད།
ང་ཚོའི་སྤྱི་ཚོགས་འདིར་སྨྱུག་གུ་འཛིན་ཤེས་པ་ཙམ་གྱིས་རྩོམ་པ་པོ་ཆགས་སོང་བ་ཚོ་དང་། སྐད་ཆ་བཤད་ཤེས་པ་ཙམ་གྱིས་སྙན་ངག་པ་ཆགས་སོང་བའི་དེང་སང་གི་དྲ་འབུ་སྣང་སྐྱིད་ཚོ་དང་མི་འདྲ་བར། ཚིག་སྦྱོར་སྟར་ཁ་བཞིན་བདེ་ཞིང་སྨྱུག་རྩེ་མེ་མདའ་ལས་གཟུ་བ་དང་། འཆར་ཡན་གློག་ལྟར་མྱུར་ཞིང་བསམ་ཚུལ་གནས་ལུགས་ལ་ཉེ་བའི་ངེས་པ་དོན་གྱི་བསམ་བློ་བ་དང་། རྩོམ་པ་པོ་གྲགས་ཅན་ཚ་བ་མདའ་སྨྱུག་གིས་བོད་ཀྱི་གཞས་མ་སྐལ་བཟང་མེ་ཏོག་འདི་ལྟར་མང་ཚོགས་ལ་མཚམས་སྦྱོར་བྱས་འདུག
རྩོམ་པ་པོ་ཚ་བ་མདའ་སྨྱུག་གི་ཕྱིར་རྟོག་ཞེས་པའི་དེབ་དེའི་ནང་། “དེའང་ཆེད་དུ་མ་འཕངས་པའི་ཟུར་མིག་དང་། བཙན་གྱིས་མ་བཅོས་པའི་འཛུམ་དཀར། རྫུ་སྤམ་ལས་གྲོལ་བའི་བཞིན་མདངས། ཁེངས་དྲེགས་མིན་པའི་རོལ་སྒེག་བཅས་བཞི་པོ་འདི་ཡོ་རོབ་གླིང་གི་སྒྱུ་རྩལ་མཁན་པོ་རྣམས་ཀྱིས་རྟོག་པ་འཆར་ཡན་གྱི་ཀློང་ནས་མ་གཏོགས་མྱངས་མ་ཐུབ་ཅིང་། སྐྱེ་བོ་ཕལ་པ་དག་གི་རྨི་ལམ་གྱི་ནང་དུ་མ་གཏོགས་ཡིད་ཡུལ་དུ་འཁོར་མ་མྱོང་བའི་མཐོ་སྒང་རྩྭ་ཐང་གི་མཛེས་མའི་ཡོན་ཏན་དམིགས་བསལ་བ་བཞི་ཡིན་ལ། སྐལ་བཟང་མེ་ཏོག་ལ་མཚོན་ན་ཡོན་ཏན་དམིགས་བསལ་བ་འདི་བཞི་ཆར་ཡེ་ནས་རང་ཆས་སུ་རྫོགས་ཡོད་པས་ངས་ཁོ་མོ་ལ་མི་ཡུལ་མཛེས་པའི་མཛེས་མ་ཞེས་བརྗོད་ན་འདོད”ཅེས་བཤད་དེ།
གཞས་མ་ཁོང་དང་ཁོང་གི་འཁྲབ་སྟོན་སྒྱུ་རྩལ་མཚམས་སྦྱོར་བྱས་པའི་དུམ་བུ་ཞིག་འདིར་བཀོད་པ་ཡིན། དེ་ཡང་ངས་འདིར་གལ་ཆེ་མདོག་གིས་བཀོད་དགོས་པའི་དམིགས་ཡུལ་ངོ་མ་དེ་དྲ་གྲོགས་ཚོས་རྩོམ་ཡིག་དུམ་བུ་འདི་ཐེངས་གཅིག་བཀླགས་པས་མི་ཆོག་པར། རྩོམ་ཡིག་དེའི་འབྲི་ཐབས་དང་དཔྱད་པ་བྱེད་སྟངས་གཉིས་ཀར་སློབ་སྦྱོང་དང་གོམས་འདྲིས་བྱེད་དགོས་པ་དེ་ཡིན་པས་རྣམ་པ་ཚོས་དེ་ལུགས་གྱིས།
“སྒྱུ་རྩལ་མེད་པའི་སྒྱུ་རྩལ་དེ་སྒྱུ་རྩལ་ཀུན་གྱི་མཆོག་ཏུ་བསྔགས་པ་ཅིས་མ་བདེན། ཧོབ་སྟེ་བལྟས་ན་སྐལ་བཟང་མེ་ཏོག་གི་བྱད་གཟུགས་དང་། སྐད་ངག ཉམས་འགྱུར། སྟངས་སྟབས། ཐ་ན་རྒྱན་གོས་ཚུན་ཆད་དཀྱིས་མ་དང་། སྤྱིར་བཏང་བ་འབའ་ཞིག་ལས་བལྟས་ན་མིག་ཚིག་པ་དང་། མཉན་ན་རྣ་འབར་འོང་བ་དེ་འདྲ་ཅི་ཡང་མི་འདུག ཡོད་ཚད་དཀྱིས་མ་དང་སྤྱིར་བཏང་བ་ཡིན་པའི་ཁོ་མོ་དང་། ཁོ་མོའི་འཁྲབ་སྟོན་ཁག་གི་ཡིད་འགུག་གི་ནུས་པ་དང་། སྒྱུ་རྩལ་གྱི་མཚར་སྡུག་ནི་ཡོད་ཚད་ཀྱི་རྩེ་མོར་སྙེགས་པའི་ངོ་མཚར་ཕུལ་བྱུང་གི་མཛེས་པ་ཞིག་ཏུ་སྣང་སྟེ། མཛེས་པ་འདིའི་རིགས་ལ་སྒྱུ་རྩལ་མཁན་པོ་རྣམས་ཀྱིས་མ་བཅོས་རང་བྱུང་གི་སྒྱུ་རྩལ་གྱི་མཛེས་པ་ཞེས་འབོད་བཞིན་འདུག ངག་རིག་སྒྱུ་རྩལ་ལ་དབང་འབྱོར་བའི་དམ་པ་དགེ་འདུན་ཆོས་འཕེལ་ལགས་ཀྱི་ཞལ་ནས། སྙན་ངག་རྩོམ་པའི་ཡོན་ཏན་ངོ་མ་དེ་སྔ་མའི་བག་ཆགས་དང་རང་གཤིས་ལ་རག་ལས་པ་ཞིག་ཡིན། ཚིག་རྒྱན་གྱི་བསྟན་བཅོས་ལ་སྦྱངས་པས་ཚིགས་བཅད་ཀྱི་རྐང་པ་ཙམ་ནི་ལོས་འགྲིག་འགྲོ། འོན་ཀྱང་དེས་སྙན་ངག་ལ་དགོས་རྒྱུའི་ཉམས་ཁྱད་པར་བ་དེ་ཐོན་མི་ཐུབ་ཅེས་གསུངས་འདུག
སྙན་ངག་འབྲིོ་བ་ལ་དེ་ལྟར་ཡིན་པར་མ་ཟད་འཁྲབ་སྟོན་བྱེད་པ་ལ་ཡང་དེ་ག་རང་དུ་འདུག་སྟེ། འཁྲབ་ཁྲིད་པའི་བཀོད་འདོམས་ལྟར་སྒྲིག་འཁྲབ་དང་། འཁྲབ་སྟོན་གཞན་ལད་འཁྲབ་བྱེད་པོ་དག་ལ་ཡང་རྐང་གྲ་ལག་གྲ་འགྲིག་ཙམ་ནི་ལོས་ཡོད། འོན་ཀྱང་རང་ལ་ཡོད་དགོས་པའི་རྨང་གཞི་དེ་མེད་ཚེ་མྱོང་དང་རོལ་བར་བྱ་རྒྱུའི་བྲོ་བ་ནི་གླེང་ཐབས་བྲལ། སྐལ་བཟང་མེ་ཏོག་གི་འཁྲབ་སྟོན་ནི་རྐང་པ་གཡོན་པ་རྒྱབ་ལ་བཞག རྐང་པ་གཡས་པ་མདུན་དུ་བརྐྱངས། ལག་པ་གཉིས་ཀ་གནམ་ལ་བཀྱགས་པའི་དམག་རྩེད་སྦྱོང་བརྡར་ལྟ་བུ་ཨུ་ཚུགས་ཀྱིས་འཁྲབ་པའི་འགུལ་སྐྱོད་མིན་ལ། རྐང་པ་གཡུག ལག་པ་གཡུག ཨོང་དོ་གཡུག སྐེད་པ་གཡུག མགོ་བོ་གཡུག ཡོད་ཚད་སྣང་བ་སྐྱིད་པོིའི་ངང་ནས་གཡུག་ཅི་ཐུབ་བྱེད་པའི་རང་སྣང་གང་ཤར་གྱི་སྨྱོ་འཁྲབ་དེ་འདྲའང་མིན།
བསླབས་ཤིིང་སྦྱངས་པ་ལ་རག་མ་ལས་པར་མོ་རང་དང་ལྷན་དུ་ཨ་མའི་བང་ནས་རང་བྱོན་དུ་འཁྲུངས་པའི་ལྷན་སྐྱེས་ཀྱི་ཤེས་འཇོན་ནམ། གདོད་མའི་ནུས་རྩལ་དམིགས་བསལ་བ་ཞིག་གི་སྟོབས་ཀྱིས་དབང་པོ་སྒོ་ལྔའི་རྣམ་འགྱུར་དང་། ཡན་ལག་ཉུང་ལག་གི་འགུལ་སྐྱོད་ཕྲ་མོ་ཡན་ཆད་ལ་ཤ་གསེང་རུས་གསེང་དུ་སིམ་པའི་ཁྲག་བཞིན་མྱང་མི་ཚར་བའི་རོ་བྲོ་ཁྱད་པར་བ་རེས་གཏམས་ནས་ཡོད་པ་ལས་འདིའི་ཚུན་ཆད་སྒྱུ་རྩལ་གྱི་ཉམས་དང་། དེའི་ཕན་ཆད་ཐ་མལ་གྱི་ཚུགས་ཀ་ཞེས་ཚད་དང་མཚམས་བཟུང་མི་ཤེས་པ་ཞིག་འདུག ལུས་ངག་ཡིད་གསུམ་གང་ལ་ཡང་གཡའ་དང་དྲི་མས་མ་གོས་པའི་སྒྱུ་རྕལ་གྱི་གོང་བུ་ཕྱི་གསལ་ནང་གསལ་ཞིག་ཏུ་གྲུབ་འདུག་པ་འདིས་ལྟད་མོ་བའི་མིག་དང་རྣ་བ་ལ་ཟད་དུ་མེད་པའི་དངོས་གྲུབ་སྩོལ་བཞིན་ཡོད་པར་མ་ཟད། དེ་ནས་ཀྱང་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པ་གཞན་ཞིག་ནི་མོའི་ལྷད་མེད་རྣམ་དག་གི་མི་གཞི་དྭངས་མོ་འདི་ཡིན”་ཞེས་ཁོ་མོ་དང་ཁོ་མོའི་འཁྲབ་སྟོན་སྒྱུ་རྩལ་གྱི་ཉམས་མང་ཚོགས་ལ་མཚམས་སྦྱོར་བྱས་ཡོད་པ་རེད།