ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།

ཨ་རིའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་དེ་ཕྱི་ཚེས་༢༠ ཉིན་འགྲེམས་སྤེལ་གནང་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱ་གཞུང་གིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་གཏོང་གི་ཡོད་སྐོར་འཁོད་ཡོད་པ་རེད།

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དང་འབྲེལ་བའི་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནང་གི་ལོ་འཁོར་སྙན་ཐོ་དེ། ཟླ་འདིའི་ཕྱི་ཚེས་༢༠ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཁེ་རི་མཆོག་གི་མཚན་ཐོག་ནས་འདོན་སྤེལ་བྱས་ཡོད་འདུག་པ་དང་།

སྙན་ཐོ་དེའི་ནང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་ལྷག་པར་དུ་རྒྱ་གཞུང་གིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་མཁན་ཚོར། དྲག་རྡུང་དང་བཙོན་འཇུག་མཚམས་མ་ཆད་པར་བྱས་ཡོད་པ་མ་ཟད། བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་། ཆོས་ལུགས། འདུ་འཛོམས་སོགས་འགྲོ་བ་མིའི་སྤྱི་མང་ཐོབ་ཐང་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་དང་། དེ་བཞིན་རྒྱ་གཞུང་གིས་བོད་མི་ཚོ་དཔལ་འབྱོར་དང་ཤེས་ཡོན་ལས་རིགས་སོགས་ཀྱི་ཐད་ནས་རྒྱ་མི་རིགས་དང་དབྱེ་འབྱེད་བྱས་ཡོད་སྐོར་ཡང་འཁོད་ཡོད་པ་རེད།

ཡང་སྙན་ཐོའི་དེའི་ནང་ཕྱི་ལོ་༢༠༡༢ གཅིག་པུའི་ནང་བོད་མི་༨༣ གྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དང་། རང་ལུས་མེར་སྲེག་གཏོང་མཁན་དེ་དག་གི་ནང་མི་དང་ཉེ་འབྲེལ་ཚོར་བཙོན་འཇུག་དང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་ཡང་འཁོད་འདུག་པ་མ་ཟད། རྒྱ་གཞུང་གིས་བོད་མི་ཚོར་ཁྲིམས་འགལ་གྱི་ཐོག་ནས་དམར་གསོད་དང་བཙོན་འཇུག རྡུང་རྡེག ཉེས་ཆད། བཟང་བཙོན་འོག་བཞག་པ་སོགས་ཀྱི་གནས་ཚུལ་ཡང་གསལ་པོར་བཀོད་ཡོད་པ་རེད་འདུག