གནོད་ཐེབས་ས་ཁུལ་དུ་མུ་མཐུད་དཀའ་ངལ་འཕྲད་བཞིན་པ།

2013_4_22

དེ་རིང་ཕྱི་ཚེས་༢༢ ཉིན་རྒྱ་ནག་གི་ཞཱིན་ཧ་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སི་ཁྲོན་གཡག་རྔའི་ས་ཡོམ་ཁྲོད་ད་ལྟའི་བར་ངོས་འཛིན་བྱུང་བའི་ནང་མི་༡༨༨ འདས་གྲོངས་དང་མི་༢༥ གར་སོང་ཆ་མེད་དུ་གྱུར་པ། མི་ཆིག་ཁྲི་ཆིག་སྟོང་ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

དེའང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་ཞོགས་པར་སི་ཁྲོན་གཡག་རྔ་རུ་ས་ཡོམ་རིམ་པ་༧་༠ ཅན་ཞིག་བརྒྱབ་སྟེ་མི་རྒྱུ་གཉིས་ཀར་གྱོང་གུད་ཚབས་ཆེན་ཕོག་ཡོད་པ་བཞིན། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་སི་ཁྲོན་གནོད་ཐེབས་ས་ཁུལ་དུ་སླེབས་ཏེ་མྱུར་སྐྱོབ་ལས་དོན་ལ་བཀོད་ཁྱབ་དང་གནོད་ཐེབས་མི་མང་ལ་ལྟ་སྐོར་བྱས་ཡོད་པ་དང་། ད་ལྟའི་ཆར་གནོད་ཐེབས་ས་ཁུལ་གྱི་འགྲིམ་འགྲུལ་མི་བདེ་བ་དང་ཁ་པར་དང་གློག་སོགས་ཀྱི་ཆ་རྐྱེན་མེད་པའི་ཁར་ས་ཡོམ་རིམ་པ་ཆུང་ངུ་མང་པོ་ད་དུང་རྒྱུན་མ་ཆད་པར་བྱུང་བཞིན་པར་བརྟེན། གནོད་ཐེབས་ས་ཁུལ་གྱི་མི་མང་དང་རྒུད་སྐྱོབ་ལས་དོན་རུ་ཁག་གི་མི་སྣར་དཀའ་ངལ་གང་མང་ཞིག་འཕྲད་བཞིན་ཡོད་པ་རེད།

2013_4_22དེ་བཞིན་ལི་ཧྲེ་རྫོང་གི་ས་ཁུལ་ཁ་ཤས་སུ་ས་ཡོམ་བརྒྱབ་པའི་ཆུ་ཚོད་༤༨ རྗེས་སུའང་མྱུར་སྐྱོབ་ལས་དོན་དུས་ཐོག་སྤེལ་ཐུབ་མེད་པའི་རྐྱེན་གྱིས་ས་གནས་ཡུལ་མི་ཚོར་འཐུང་ཆུ་མ་རག་པ་དང་ཟ་འབྲུ་ཆད་པ། སྡོད་ཁང་མེད་པའི་དཀའ་ངལ་སོགས་འཕྲད་བཞིན་ཡོད་པ་རེད་འདུག་ལ། རྒུད་སྐྱོབ་ལས་དོན་འཐུས་ཚང་དང་ཡག་པོ་མེད་པའི་ངོ་རྒོལ་བྱེད་མཁན་ཡང་བྱུང་བཞིན་ཡོད་པ་རེད། གཞན་ཡང་གཞུང་གི་བཀའ་འཁྲོལ་མེད་པར་མི་སྒེར་དང་ཚོགས་པ་སུ་ཡིན་རུང་གནོད་ཐེབས་ས་ཁུལ་དུ་དངས་བླང་ངང་རོགས་སྐྱོར་གྱི་ལས་འགུལ་རིགས་སྤེལ་མི་ཆོག་པའི་དཀའ་ངལ་ཞིག་ཀྱང་འཕྲད་བཞིན་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་ཐེངས་འདིའི་སི་ཁྲོན་གཡག་རྔའི་ས་ཡོམ་དེ་ཚད་རིམ་༧་༠ ཅན་ཡིན་པར་ཁྱབ་བསྒྲགས་བྱས་ཡོད་ན་ཡང་། ཨ་རིའི་ས་ཡོམ་བརྟག་དཔྱད་ཁང་གིས་ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་དེ་༦་༦ ཡིན་པར་ངོས་འཛིན་བྱས་ཡོད་པ་རེད།

གཡག་རྔ་ནི་བོད་རྒྱའི་ས་མཚམས་སུ་ཆགས་པའི་བོད་ཀྱི་ས་ཁུལ་ཞིག་ཡིན་ཞིང་། ད་ལྟའི་ཆར་རྒྱ་རིགས་གཙོས་པའི་མི་གྲངས་ཁྲི་བརྒྱ་ལྷག་ཙམ་འདུས་སྡོད་བྱེད་སའི་ས་ཆ་ཞིག་ཡིན་པ་རེད། ས་ཡོམ་གོད་ཆག་ལ་རོགས་སྐྱོར་ཆེད་བོད་ནང་གི་དགོན་པའི་སྐུ་ཚབ་དང་། བླ་ཆེན་རེ་ཁག་ཅིག་ཕེབས་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྒེར་ལ་ལྟ་སྐྱོང་དགོས་དོན་མེད་སྐོར་བརྗོད་དེ་བཀག་འགོག་བྱས་པའི་གནས་ཚུལ་འདུག །