མོན་གྷོ་གཞིས་སྤྱི་ལྷ་མོ་ཚོགས་པའི་ལོ་འཁོར་ཚོགས་འདུ།

ཟླ་འདིའི་ཚེས་༢༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཌ་ཀའི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་མོན་གྷོ་ས་གནས་བོད་མིའི་གཞིས་སྒར་གཞིས་སྤྱིའི་ལྷ་མོ་ཚོགས་པས་ལོ་འཁོར་རྩིས་ཁྲ་དང་ལས་བསྡོམས་སྒྲོགས་སྦྱང་སྙན་བསྒྲོན་གྱི་མཛོད་སྒོ་ཞིག་ས་གནས་གཞིས་སྤྱིའི་ལྷ་མོ་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

དེ་ཡང་ཉིན་དེའི་ཕྱི་དྲོ་ཆུ་ཚོད་༠༡ དང་པོའི་ཐོག་ཚོགས་འདུ་འགོ་འཛུགས་ཀྱིས། ཐོག་མར་གཞིས་སྤྱིའི་ལྷག་མོ་ཚོགས་པའི་རྩིས་པ་བསོད་ནམས་དཔལ་ལྡན་གྱིས་ཕྱི་ལོ་༢༠༡༢ ཟླ་༤ པའི་ཚེས་༥ ནས་ཕྱི་ལོ་༢༠༡༣ ཟླ་༣ པའི་ཚེས་༣༡ བར་གྱི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁག་དང་ལས་བསྡོམས་སྙན་སྒྲོན་དང་སྦྲགས། མོན་གྷོ་ས་གནས་གཞིས་སྤྱི་ལྷ་མོ་ཚོགས་པའི་ཚོགས་མི་ཉུང་དྲགས་པའི་དཀའ་ངལ་ཡོད་པས།  མོན་གྷོ་ས་གནས་གཞིས་གྲོང་ཁག་དགུ་ནས་མ་མཐའ་ཡིན་ན་མི་རེ་རེ་ཚོགས་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་རྗེས་སུ་ས་འཐུས་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་དང་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གཉིས་ཀྱིས་རིམ་པས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་སྐབས། གཞིས་སྤྱི་ལྷ་མོ་ཚོགས་པའི་འཁྲབ་གཞུང་ཁག་ང་རང་ཚོའི་སྲོལ་རྒྱུན་རིག་གཞུང་གི་ཆ་ཤས་ཤིག་ཡིན་པས།  ཚོགས་པ་འདི་མུ་མཐུད་ནས་མཇུག་སྐྱོང་དགོས་སྐོར་དང་། ཚོགས་མི་ཚོའི་ངོས་ནས་ཡིན་ན་ཡང་གླ་ཆ་ཆེ་ཆུང་ཙམ་ལ་མི་ལྟ་བར་གང་མང་མང་ཚོགས་ཞུགས་གནང་ཐུབ་པར་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་སོང་།

དེ་ནས་མོན་གྷོ་ས་གནས་གཞིས་སྤྱི་ལྷ་མོ་ཚོགས་པ་ལ་རོགས་སྐྱོར་གནང་མཁན་བོད་རིགས་སྦྱིན་བདག་ཁག་གཅིག་ལ་མཇལ་དར་ཕྱག་རྟགས་སོགས་གསོལ་བསྩལ་གནང་སོང་།།

མོན་གྷོ་གསར་འགོད་པས།