མཐའ་མཚམས་དགོན་སྡེ་ཁག་ནང་གསང་ཉུལ་བ་འདུག་ཟེར།

f80a8eba-3156-4285-bf4a-ཟླ་འདིའི་ཚེས་༢༥ ཉིན་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྲིད་བློན་གསར་པ་ལི་ཁེ་ཆིང་ཟླ་རྗེས་མའི་ནང་རྒྱ་གར་དུ་འཚམས་གཟིགས་ལ་ཕེབས་འཆར་ཡོད་པ་དང་། དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་རེ་སྒུག་བྱེད་བཞིན་པ་རེད།

ཡིན་ནའང་། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་མུ་མཐུད་ཛ་དྲག་ཏུ་འགྲོ་བཞིན་པ་མ་ཟད། རྒྱ་གར་ཕྱོགས་ནས་བཤད་པ་ལྟར་ན། རྒྱ་ནག་གི་གསང་ཉུལ་བས་ཆོས་ལུགས་ཀྱི་བྱེད་སྒོ་སོགས་ལ་ཁ་གཡར་ཏེ་ས་མཚམས་སུ་གསང་བའི་ལས་འགུལ་སྤེལ་བཞིན་ཡོད་སྐོར་གྱི་གནས་ཚུལ་འདུག

ཕྱི་ཟླ་༥ པའི་ནང་གཏན་ཁེལ་བའི་རྒྱ་གར་གྱི་མཚམས་གཟིགས་དེ་སྲིད་བློན་ལེ་ཁི་ཆིང་གི་ཕྱི་བསྐྱོད་ཐོག་མ་དེ་ཆགས་རྒྱུ་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཀྱི་འགྲོ་འོང་རྒྱུན་མ་ཆད་པར་བྱུང་ཡོད་པ་མ་ཟད། ཕྱོགས་གཉིས་པོའི་འཐབ་ཇུས་ཐོག་ཟླ་གྲོགས་ཀྱི་འབྲེལ་ལམ་འཛུགས་རྒྱུ་ཡིན་པ་བཤད་ཡོད་ཀྱང་། ས་མཚམས་ཀྱི་གནད་དོན་དེ་སྔར་བཞིན་རྒྱལ་ཁབ་གཉིས་ཀྱི་དཀའ་གནད་ཅིག་ཆགས་ཡོད་པ་རེད།

ཕྱོགས་གཉིས་ཀྱིས་སྲིད་བློན་ལི་ཁེ་ཆིང་གི་མཚམས་གཟིགས་ལ་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར། རྒྱ་གར་གྱི་བང་ཆེན་གསར་ཤོག་(India express) ཞེས་པའི་སྟེང་རྩོམ་ཡིག་ཅིག་སྤེལ་བའི་ནང་། རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་མཐའ་མཚམས་བདེ་སྲུང་དོ་དམ་ཁང་གིས་བཀའ་ཁྱབ་ཅིག་སྤེལ་བའི་ཏེ། རྒྱ་གར་དང་བལ་ཡུལ་དེ་བཞིན་འབྲུག་གི་མཐའ་མཚམས་ས་ཁུལ་གྱི་དགོན་སྡེ་ཁག་གི་འགྲོ་སོང་རྩིས་ཞིབ་དང་དཔལ་འབྱོར་གྱི་ཡོང་ཁུངས་བརྩད་གཅོད། ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་ཁག་ལ་བརྟག་དཔྱད་བྱེད་རྒྱུ་ཡིན་འདུག

རྒྱ་གར་གྱི་ནུབ་བྷང་གྷལ་དང་འབྲས་ལྗོངས། ཨ་རུ་ན་ཅལ་བཅས་ཀྱི་མཐའ་མཚམས་སུ་ཡོད་པའི་ནང་པའི་དགོན་སྡེ་ཁག་གི་ནང་ལོ་ཤས་རིང་གློ་བུར་དུ་རྒྱ་ནག་གི་བྱེད་སྒོ་མང་དུ་སོང་ཡོད་པ་དང་། ནང་ཆོས་ཀྱི་སློབ་ཚན་གསར་འཛུགས་དང་རྒྱ་ཡི་སྐད་ཡིག་སློབ་ཁྲིད། དེ་བཞིན་རླུང་འཕྲིན་རིན་མེད་དུ་སྤྲོད་པ་སོགས་ལ་བརྟེན། རྒྱ་གར་འབྲེལ་ཡོད་ལས་ཁུངས་ལ་དོ་སྣང་གསར་པ་ཞིག་སྤྲད་ཡོད་པ་དང་མཐའ་མཚམས་ཀྱི་ས་ཁུལ་ཁག་གསང་ཉུལ་བའི་བསྟི་གནས་ཤིག་ཏུ་ཆགས་སྲིད་པའི་དོགས་པ་བྱེད་བཞིན་ཡོད་པ་རེད།

f80a8eba-3156-4285-bf4a-

ད་དུང་རྩོམ་ཡིག་དེའི་ནང་རྒྱ་གར་གྱི་གསང་བའི་གནས་ཚུལ་ལུང་འདྲེན་བྱས་དོན་ལྟར་ན།  འདས་པའི་དུས་ཚིགས་གཉིས་ཀྱི་རིང་བོད་མི་སྐྱབས་བཅོལ་བ་༥༠༠ ནས་༦༠༠ ལྷག་ཞིག་བལ་ཡུལ་ནས་རྒྱ་གར་དུ་སླེབས་ཡོད་པ་དང་། ས་མཚམས་ཀྱི་དགོན་སྡེ་ཁག་ནི་ཁོང་ཚོའི་གནས་སྐབས་རིང་གི་སྡོད་གནས་གཙོ་བོ་ཡིན་ཞིང་། དེའི་ནང་དུ་རྒྱ་ནག་གི་གསང་མྱུལ་བ་ཡོད་ལུགས་བཤད་ཡོད་པ་རེད། རྒྱ་གར་དང་འབྲུག་གི་ས་མཚམས་ཀྱི་དགོན་སྡེ་ཉུང་མཐའ་ཡང་༡༧ ཙམ་གྱི་ནང་དུ་རྒྱ་ཡི་སྐད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་འདུག་པ་དང་། རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་བཤད་པ་ལྟར་ན། རྒྱ་གར་འབྲེལ་ཡོད་ཚན་པས་སློབ་ཚན་གསར་པ་དེ་དག་ལ་འགྲོ་སོང་གི་མཐུན་རྐྱེན་སྦྱར་གྱི་མེད་ཅིང་། དེའི་དཔལ་འབྱོར་གྱི་ཡོང་ཁུངས་ནི་རྒྱ་ནག་ཡིན་པར་བཤད་ཡོད་འདུག

གཞན་ཡང་གཟའ་འཁོར་སྔོན་མའི་ནང་རྒྱ་གར་ཕྱོགས་ནས་བཤད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༥ ཉིན་རྒྱ་ནག་གི་ས་མཚམས་དམག་མི་སྐོར་ཞིག་ལ་དྭགས་ཁུལ་གྱི་རྩོད་གཞི་ཅན་གྱི་མཐའ་མཚམས་རྒྱ་གར་གྱི་ས་ཁོངས་སྤྱི་ལེ་༡༠ ཙམ་བརྒལ་བའི་ནང་དུ་འཛུལ་ཡོད་པ་མ་ཟད། ཉིན་དེའི་ནང་རྒྱ་ནག་གི་ཐད་འཕུར་གནམ་གྲུས་མཐའ་མཚམས་བརྒལ་ཏེ་རྒྱ་གར་གྱི་མཁའ་དབྱིངས་སུ་བསྐོར་བ་ཁ་ཤས་བརྒྱབ་ཡོད་འདུག ཟླ་འདིའི་ཕྱི་ཚེས་༢༤ཉིན་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཧྥ་ཁྲན་ཡཱི་ཡིས་གསར་འགོད་ལྷན་ཚོགས་ཐོག  རྒྱ་ནག་གི་མཐའ་སྲུང་དམག་དཔུང་གིས་ཕྱོགས་གཉིས་ཀྱིས་བཞག་པའི་གྲོས་མཐུན་ཡིག་ཆ་ཁག་ལ་བརྩི་སྲུང་ནན་མོ་བྱེད་བཞིན་པ་དང་། རྒྱ་ནག་གི་དམག་མིས་མཐའ་མཚམས་ས་ཐིག་ནས་གོམ་གང་ཡང་བརྒལ་ཡོད་པ་མ་རེད་ཅེས་བཤད་ཡོད་པ་རེད།།