ཁམས་ནང་ཆེན་རྫོང་གི་བོད་མི་༧ འཛིན་བཟུང་།
ཕྱི་ཚེས་༢༢ ཉིན་ཁམས་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་། སྐྱིད་ཆུ་ས་གནས་ཀྱི་དབའ་པོ་གྲོང་སྡེ་རུ་ཆེན་གྱི་ཁོངས་གཏོགས་གྲོང་འབེལ་ཡུལ་མི་བདུན་ཙམ་གློ་བུར་ཏུ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་དང་། དེ་བཞིན་བོད་མི་ཚོར་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་བར་བརྟེན་མི་མང་པོ་ཞིག་གི་སྲོག་ལ་ཉེན་ཁ་བཟོས་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༢ ཉིན་དབའ་པོ་གྲོང་སྡེ་རུ་ཆེན་གྱི་ཁོངས་གཏོགས་གྲོང་འབེལ་ཡུལ་མི་བདུན་ཙམ་གློ་བུར་ཏུ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག་པ་དང་། ཁོང་ཚོ་འཛིན་བཟུང་དགོས་དོན་ལོ་སྔོན་མར་རྒྱ་ནག་གཞུང་གིས། ས་གནས་ཡུལ་མི་ཚོར་རྩྭ་སའི་རིན་པ་ཞེས་པའི་དངུལ་ཕྲན་བུ་སྤྲད་པ་དེ་ཚོ་དང་ལེན་མ་བྱས་པ་ལ་བརྟེན་ནས་བྱུང་བ་རེད་འདུག
བོད་མི་ཚོས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་དེ་དག་གློད་གྲོལ་གཏོང་དགོས་པའི་ཞུ་བ་འཐེན་སྐབས། རྫོང་ཉེན་རྟོག་ལས་ཁུངས་ཀྱི་འགོ་གཙོས་སྣེ་འཁྲིད་པའི་ཉེན་རྟོག་པ་མང་དག་ཅིག་གིས། སྐད་ཆ་གང་ཡང་མ་བཤད་པའི་སྔོན་ལ་རྒས་གཞོན་ཕོ་མོ་དབྱེ་བ་མེད་པར་ཉེས་རྡུང་ཚབས་ཆེན་བཏང་བ་མ་ཟད། མང་ཚོགས་ཁྲོད་དུག་རླངས་གང་བྱུང་གིས་བཏང་ཡོད་འདུག་པ་དང་། ཉེན་རྟོག་པས་དེ་མིན་དེང་དུས་ཀྱི་ལག་ཆ་འདྲ་མིན་བེད་སྤྱོད་བཏང་ནས་ས་གནས་ཡུལ་མི་ཚོར་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚབས་ཆེན་བྱས་པར་བརྟེན། བོད་མི་མང་ཆེ་བའི་སྲོག་ལ་ཉེན་ཁ་འཕྲད་བཞིན་པའི་གནས་སྟངས་ཆག་ཡོད་པ་རེད་འདུག
ད་ལྟའི་ཆར་རྒྱ་གཞུང་གིས་ས་གནས་དེའི་བརྒྱུད་ལམ་ཁག་བཀའ་འགོག་བྱས་ཡོད་པར་བརྟེན་གནས་ཚུལ་ཞིབ་ཕྲ་རག་ཐུབ་ཀྱི་མེད་པ་རེད།

 
							