བཙོན་དུ་ཡོད་པའི་པཎ་ཆེན་རིན་པོ་ཆེར་རྗེས་དྲན།

ཟླ་འདིའི་ཚེས་ ༢༥ ཉིན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགོང་གྲངས་ ༢༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ། རྒྱ་གར་ལྷོ་ཕྱོགས་ཀྱི་ཆོས་སྡེ་བཀྲ་ཤིས་ལྷུན་པོ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནང་ཁང་བཅས་སོ་སོ་ནས་པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་གྲོལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་རེ་ཡང་གནང་ཡོད་པ་རེད།

talhun1_2013_4_24

དེ་ཡང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་བླ་སྤྱི་ལྷན་ཁང་གི་གོ་སྒྲིག་འོག ཉིན་དེའི་ཞོགས་པའི་ཆུ་ཚོད་ ༦ པའི་ཐོག་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་དགེ་འདུན་འདུས་མང་ནས་ཚོགས་ཆེན་འདུ་ཁང་དུ་༸རྒྱལ་མཆོག་ཡབ་སྲས་གཉིས་ཀྱི་སྐུའི་ཞབས་རིམ་གསོག་སྒྲུབ་ཞུས་པ་དང་། སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་དང་། སྦེལ་ཀོབ་ས་གནས་ལུགས་ཟུང་བསམ་འགྲུབ་གླིང་གི་ས་གནས་འགོ་འཛིན་ཀརྨ་དགྲ་འདུལ་དང་། བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟས་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ། དེ་བཞིན་ས་གནས་རང་བདེན་ཚོགས་ཆུང་དང་། སེ་ར་ཐེག་ཆེན་གླིང་དང་། རྣམ་གྲོལ་གླིང་སོགས་རིས་མེད་ཆོས་སྡེ་ཁག་གི་མཁན་པོ་དང་ཕྱག་མཛོད། སློབ་གྲྭ་ཁག་དང་། ས་གནས་གཞོན་ནུ་བུད་མེད་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྡེ་ཚན་ཁག་གི་འགན་འཛིན་དང་འཐུས་མི་བཅས་གནད་ཡོད་མི་སྣ་དང་། དད་ལྡན་མི་མང་མཉམ་འཛོམས་ཐོག དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་ལ་འཕྲིན་བཅོལ་དང་བསང་གསོལ་གནང་ཞིང་། རིམ་བཞིན་དུང་རྒྱ་སྤོས་སྣེའི་སེར་སྤྲེང་བཅས་ཀྱིས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཆེན་འདུ་ཁང་གི་གཞུགས་ཁྲིར་གདན་འདྲེན་ཞུས་པ་དང་། འབྲེལ་ཡོད་སྐུ་མགྲོན་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སྟེ། རྒྱལ་བ་ཡབ་སྲས་གཉིས་ཀྱི་སྐུ་ཚེ་བརྟན་ཕྱིར་ཐུགས་སྨོན་གསོལ་གདེབས་གནང་ཡོད་པ་རེད།

talhun_2013_4_24པན་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ཐོག་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་མཁན་ཚབ་དཀའ་ཆེན་བློ་བཟང་ཤེས་རབས་ཀྱིས་ཆོས་གྲྭ་བཀྲ་ཤིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་དང་། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གཉིས་ཐུན་མོང་གི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྒྲོགས་སྦྱང་གནང་བའི་ནང་། པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་འཛིན་བཟུང་བྱས་པ་ནས། གར་སོང་ཆ་མེད་དུ་གྱུར་བའི་“གནད་དོན་དེས་རྒྱ་ནག་གཞུང་གིས་གཞིས་བྱེས་བོད་མི་ཙམ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་དང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ནང་པའི་ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་སྐྱེ་བོ་ས་ཡ་མང་པོའི་མངོན་འདོད་ལ་མཐོང་ཆུང་བྱས་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྒྲིག་གཞིར་རྩིས་མེད་རྡོག་རོལ་བཏང་བ་སོགས་ནག་ཉེས་ཚབས་ཆེན་བསགས་པ་མ་ཟད། རྒྱལ་སྤྱིའི་ནང་རྒྱ་ནག་རྒྱལ་ཁབ་དེ་ཉིད་འབྱོར་ཕྱུག་ཤེས་དཔལ་ལྡན་པའི་སྔོན་ཐོན་ཅན་གྱི་ཕྱོགས་སུ་མདུན་བསྐྱོད་བྱེད་རྒྱུའི་ལམ་གྱི་འགག་རྡོར་གྱུར་ཡོད།” ཅེས་དང་། “ང་ཚོ་ད་དུང་གསོན་ཡོད་པས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༠ ཆེན་པོའི་བཀའ་དགོངས་ཚུལ་བཞིན་སྒྲུབ་རྒྱུ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྐུ་ཞབས་བྱ་བྲལ་རིན་པོ་ཆེ་བཅས་གར་ཡོད་རྩད་འཚོལ་དང་། ཁོང་རྣམས་མྱུར་དུ་གློད་བཀྲོལ་ཡོང་རྒྱུར་མུ་མཐུད་འབད་བརྩོན་བྱེད་ངེས་ཡིན་ཅེས་དང་། ཡོང་ཁྱབས་གསལ་བསྒྲགས་དེའི་ནང་མུ་མཐུད་དུ་ “བོད་ཀྱི་བསྟན་སྲིད་བདེ་རྩའི་དོན་དུ་རང་སྲོག་ཕངས་མེད་བློས་གཏོང་ནང་མཁན་དག་ལ་སྙིང་དབུས་ནས་རྗེས་དྲན་ཞུ་རྒྱུ་དང་། ཁོང་ཚོའི་ཐུགས་དོན་ཞི་བཞིན་འགྲུབ་རྒྱུར་མཆོག་གསུམ་གསོལ་འདེབས་ཞུ་རྒྱུ་དང་།  བོད་འབངས་སྡུག་བསྔལ་ནས་མྱུར་དུ་སྐྱོབ་པའི་དབུ་མའི་ལམ་བཟང་གི་ལྟ་བའི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་ཤར་བསྐྱོད་བྱེད་རྒྱུར་ཐེ་ཚོམ་མེད་” ཅེས་འཁོད་ཡོད་པ་རེད།

tsetsomo_2013_4_24གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནང་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་མཆོག་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གསལ་བསྒྲགས་ཤིག་སྒྲོགས་སྦྱང་གནང་སྟེ། “པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་པ་དེས། བོད་མིའི་ཆོས་ཕྱོགས་དང་བོད་མིའི་གནས་བབ་ལ་དོ་ཕོགས་ཆེན་པོ་ཕྱིན་ཡོད་པ་དང་། ཆོས་ལ་ཆབ་སྲིད་ཀྱི་ལྷད་མ་ཞུགས་པ་ཞིག་དགོས་རྒྱུ་དེ་རྒྱ་གཞུང་གི་ཤེས་དགོས་པ་གལ་གནད་ཆེན་པོ་ཡིན་སྐོར་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུང་ཉམ་ཞིབ་ཁང་གི་ངོས་ནས་རང་དབང་ཅན་གྱི་ཆེས་མཐོའི་མི་སྣ་ཁག་༸པན་ཆེན་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་གནང་འཇུག་དགོས་པའི་དགོས་འདུན་རིམ་པར་བཏོན་ཡོད་པ་ལྟར། དེ་རིང་སླར་ཡང་རྒྱ་གཞུང་ལ་དགོས་འདུན་དེ་བསྐྱར་ནན་གཏོང་བྱེད་རྒྱུ་ཡིན་སྐོར་བརྗོད་སོང་།” དེ་བཞིན་པན་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་དུས་དྲན་གྱི་སྐུ་མགྲོན་གཙོ་བོ་སྦེལ་ཀོབ་བདེ་སླར་ས་གནས་འགོ་འཛིན་གྱིས་ཀྱང་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། གཞན་ཡང་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་གླིང་བོད་མིའི་གཞིས་ཆགས་དང་། ཧུན་སུར་རབ་རྒྱས་གླིང་། མོན་གྷོ་འདོད་དགུ་གླིང་། སྦེལ་ཀོབ་བོད་མའི་གཞིས་ཆགས་བཅས་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་དང་། ས་གནས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་སོ་སོར། པཎ་ཆེན་རིན་པོ་ཆེའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་སྐོར་ས་གནས་སོ་སོ་ནས་ཁ་པར་བརྒྱུད་གནས་ཚུལ་བྱུང་སོང་།

པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ནི་ཕྱི་ལོ་ ༡༩༨༩ ལོར་སྐུ་འཁྲུང་པ་དང་། ༡༩༩༥ ལོར་༸གོང་ས་མ་ཆོག་གིས་པན་ཆེན་སྐུ་ཕྲེངས་ ༡༠ པའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ད་ལྟ་བར་དུ་གར་སོང་ཆ་མེད་དུ་རྒྱུ་ཡོ། བོད་དང་། ཧི་མ་ལའི་རི་རྒྱུད་ཀྱི་ནང་པ་སོགས་ཀྱིས་ཁོང་སྐུ་འཚོ་བཞུགས་ཡོད་མིན་ཐད་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་རེད།

མེ་སོར་གསར་འགོད་པས།