དྲན་གདུང་།
དྲན་གདུང་། ཚན་པ་དང་པོ།
མདང་ནུབ་རྨི་ལམ་གྱི་ཀློང་ནས།
ང་རང་གནས་དེར་སླེབས།
སྐབས་དེར་ཁ་ཞེ་གཉིས་མེད་ཀྱི་གྲོགས་པོ་དུ་མ་ཞིག་ལ།
ཁ་བརྡ་བྱེད་ཞོར་སླར་སྐྱིད་སྣང་དོད་པའི་ཚོར་བས་རབ་ཏུ་བཟི།
བཟི་ཟིན་པའི་སེམས་པ་འདི།
གཉིད་ལས་སད་མེད་ན།
ཨེ་མ། ཅི་འདྲའི་དགའ་བ་ལ་ཨང་།
འོན་ཏེ། གཉིད་ལས་སད་མ་ཐག་པའི་ང་རང་།
དྲན་གདུང་གིམིག་ཆུས་བརླན་པའི་མལ་ས་ན།
ནད་པ་ཞིག་དང་འདྲ་པར།
འགུལ་མེད་དུ་ལུས།
བསམ་གཞིགས་ཀྱི་ཁྲོད་ནས།
འདས་དོན་སྣ་ཚོགས་ཡིད་ངོགས་སུ་འཆར་ཚེ།
མཚམས་རེེར་དགོད་བྲོ་ལ།
མཚམས་རེར་ངུ་ཡང་བྲོ།
ངུ་མ་དགོད་ཀྱི་ཚོར་འདུ་ཞིག་གིས།
སླར་ཡང་ངའི་སེམས་པ་བརླན་པར་བྱས།
སེམས་པ་འདི།
ནམ་ཡང་འདི་ལྟར་འདུག་མི་འདོད་པས།
ངས་ཅི་ཞིག་བྱེད་དགོས་སམ།
༢༠༡༣ ༤ ༢༦ ཉིན་རྒྱ་གར་གྱི་རྒྱལ་ས་རྡི་ལི་ནས་བྲིས།།