ཌལ་ཧོར་གཏན་སློབ་དབུ་བརྙེས་ཏེ་ལོ་ལྔ་བཅུ་འཁོར་བ།

2013-04-27-dalhousie-n01ཕྱི་ཟླ་༤ ཚེས་༢༨ ཉིན་རྒྱ་གར་ཧི་མ་ཅལ་ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག ༧གོང་ས་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ཕེབས་སྟེ། མཛད་སྒོ་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།

དེ་ཡང་ཚེས་༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་༧གོང་ས་མཆོག་བཞུགས་ནས་མགྲོན་ཁང་ནས་ས་ལས་ཀྱི་སྣེ་བ་རྣམས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་༧ཞབས་སོར་འཁོད་སྐབས། སློབ་ཕྲུག་གཉིས་ཀྱིས་གྲོ་སོ་ཕྱེ་མར་དང་སློབ་ཕྲུག་ཁག་གཅིག་གིས་བཀྲ་ཤིས་ཞོལ་པ། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པས་ལྷ་མོའི་འཁྲབ་སྟོན་གཟིགས་འབུལ་ཞུས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

མཛད་སྒོའི་ཐོག་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས། འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་ཡོད་པ་རེད།

དེ་རྗེས་བོད་སློབ་འཛིན་ཚོགས་ཀྱི་སྐུ་ཚབ་ནས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་དང་སློབ་སྤྱིས་ལས་བསྡོམས་སྙིང་བསྡུས་ཤིག་༸སྙན་སྒྲོན་ཞུས་ཡོད་པ་དང། སློབ་གྲྭ་དེའི་དྲ་གནས་ཐོག་འཁོད་པ་ལྟར་ན། ཌ་ཧོལ་གཏན་སློབ་ནི་རྒྱ་གར་ཧི་མ་ཅལ་དྷ་རམ་ས་ལ་ནས་སྤྱི་ལེ་༡༤༣ ཙམ་གྱི་སར་ཡོད་པ་དང་། ད་ལྟ་སློབ་མ་༢༣༢ ཙམ་ཡོད་པའི་ནང་རྒྱ་གར་སློབ་༦༤ ཡོད་འདུག འཛིན་གྲྭ་སྔོན་འགྲོ་ནས་འཛིན་གྲྭ་༡༢ བར་ཡོད་པ་དང་། གཏན་སྡོད་སློབ་མ་༡༦༣ འདུག ད་ལྟ་དགེ་རྒན་དང་ལས་བྱེད་བསྡོམས་པའི་༣༥ ལྷག་འདུག སློབ་གྲྭ་དེ་༡༩༦༣ ལོ་ནས་བཙུགས་ཏེ་ད་ལྟའི་བར་སློབ་མ་༤༠༠༠ ཙམ་བྱུང་ཡོད་པ་རེད།

མཛད་སྒོའི་ཐོག་༧ གོང་ས་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ། བོད་སློབ་འཛིན་ཚོགས་ཀྱི་སྐུ་ཚབ། ཌལ་ཧོར་སློབ་སྤྱི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། དགེ་ལས་སློབ་ཟུར་རྣམ་པ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་སྟོབས་རྒྱལ། ཤེས་རིག་སློབ་གྲྭའི་སློབ་སྤྱི་དང་རེག་ཊར། དགེ་ལས་རྣམ་པ་བཅས་དང་། འབྲེལ་ཡོད་མི་སྣ་དང་ས་གནས་མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བ་འདུ་འཛོམས་བྱུང་ཡོད་པ་རེད།

2013-04-27-dalhousie-n03

སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེས་མཚམས་འདྲི་དང་སྦྲགས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། བོད་ས་རྒྱ་ནག་གཞུང་ནས་བཙན་བཟུང་བྱས་རྗེས་༧གོང་ས་མཆོག་གིས་དབུས་བོད་མི་མང་དག་ཅིག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་དགོས་ཐུག་པ་རེད། དེ་ནས་༧གོང་ས་མཆོག་གིས་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་(Pandit Nehru)ཐུག་འཕྲད་མཛད་སྐབས། བོད་པའི་ཕྲུ་གུར་ཤེས་ཡོན་གྱི་མཐུན་རྐྱེན་བསྐྲུན་གནང་ཡོང་བའི་འབོད་སྐུལ་མཛད་པ་ལྟར་ཁོང་གིས་ཀྱང་སྐབས་དེར་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་དགོས་བྱུང་ན། བོད་པའི་ཕྲུ་གུ་ཚོར་དེང་དུས་ཀྱི་ཤེས་ཡོན་སྤྲོད་དགོས་སྐོར་སྙན་སྒྲོན་ཞུས་ཡོད། དེ་བཞིན་རྒྱ་གར་གཞུང་མང་གཉིས་ཀྱིས་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བཙན་བྱོལ་བོད་མིར་གཞིས་ཆགས་ཀྱི་མཐུན་རྐྱེན་བསྐྲུན་པར་བརྟེན་དེང་སྐབས་འཕེལ་རྒྱས་འགྲོ་བཞིན་ཡོད། ང་ཚོ་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་མཁན་མང་ཆེ་བ་(CST)ནས་སློབ་ཐོན་བྱུང་ཡོད་སྐོར་དང་། ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།

དེ་ནས་༧གོང་ས་མཆོག་གིས་ཌལ་ཧོར་གཏན་སློབ་འགོ་འཛུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དེབ་(souvenir)ཞེས་པ་དང་། དེ་བཞིན་རྒྱ་གར་བ་(Dr.Sanjay Kumar Dhiman) གྱིས་བྲིས་པའི་དེབ་(Wild life of Himachal )ཞེས་པ་གཉིས་དབུ་འབྱེད་མཛད་པ་དང། སློབ་ཟུར་ཐུན་མོང་ནས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་མཚོན་ཆེད་ཕྱག་རྟགས་གསེར་ཀོང་འབུལ་ལམ་ཞུས་ཡོད་པ་རེད། དེ་ནས་སློབ་ཟུར་བ་རྣམས་ནས་རྒྱ་གར་གཞུང་དམངས་དང་སློབ་སྤྱི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་འབུལ་རྒྱུའི་ཕྱག་རྟགས་དེ་བཞིན་༧གོང་ས་མཆོག་གིས་གསོལ་བསྩལ་གནང་བ་དང་། ༧མགོན་པོ་གང་ཉིད་ཀྱིས་མི་རིགས་གནས་དགོས་ཆོས་དང་རིག་གཞུང་དེ་གཙོ་བ་ཡིན་སྐོར་དང་། བོད་ཀྱི་སྐད་དང་གོམས་གཤིས་ཤེས་ཀྱི་ཡོད་ན། ས་གནས་གང་ཞིག་ཏུ་བོད་མི་བསྡད་ཀྱང་། བོད་མིའི་སྐུ་ཚབ་མཚོན་ཐུབ་ཀྱི་ཡོད་སྐོར་ཡོད་སོགས་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།

དེ་ནས་སྲིད་སྐྱོང་གིས་ཌལ་ཧོར་གྱི་དགེ་ལས་དང་སློབ་སྤྱི་ཟུར་པ་རྣམས་ལ་དཀར་གཙང་མཇལ་དར་ཕྱག་རྟགས་གནང་གྲུབ་མཚམས། ༧གོང་ས་མཆོག་གིས་སློབ་ཕྲུག་དང་ས་གནས་བོད་མི་དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་བཅས་ནས་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་གྲུབ་མཚམས་སློབ་གྲྭའི་རིག་ཊར་ཟླ་བ་ཚེ་རིང་གིས་ཐུགས་རྗེ་ཆེ་ཞུས་ཏེ་དངོས་གཞིའི་མཛད་སྒོ་ཡོངས་སུ་ལེགས་པ་གྲུབ་ཡོད།

དེ་ནས་༧གོང་ས་མཆོག་གིས་ཉིན་གུང་ལྗགས་སྨིན་སློབ་སྤྱིའི་ལས་ཁུངས་ནས་བཞེས་གྲུབ་བསྟུན་སློབ་ཟུར་རིམ་ཐོན་ཁག་སོ་སོ་དང་སྐུ་པར་ལྷན་སྒྲོན་མཛད་ཡོད་པ་མ་ཟད། སློབ་ཕྲུག་སོགས་དང་ཡང་སྐུ་པར་ལྷན་སྒྲོན་མཛད་ཡོད། དེ་བཞིན་སློབ་ཟུར་རྣམས་ལ་བཀའ་སློབ་ཀྱང་བསྩལ་ཡོད་པ་རེད།

img_54681234ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་མགོན་པོ་གང་ཉིད་(Dalhousie Public School)སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་དེ་གའི་སློབ་ཕྲུག་དང་ཉེ་འཁོར་ནས་ ཆེད་བཅར་ཞུས་པའི་དགེ་ལས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་(Educating the heart)སྐོར་ལ་བཀའ་སློབ་དང་སློབ་ཕྲུག་གི་དྲི་བར་བཀའ་ལན་བསྩལ་ཏེ་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༢༩ ཉིན་གྱི་སྔོ་དྲོ་༧གོང་ས་མཆོག་དྷ་ས་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།