མི་ཡུལ་ས་མཐས་སྤྲད་པའི་བག་ཆགས་ཤིག །

 

མི་ཡུལ་ས་མཐས་སྤྲད་པའི་བག་ཆགས་ཤིག།།

ཆ་རྒྱུས་མེད་པའི་ལམ་ཕྲན་རེ་རེའི་ཐོག 

རེ་དོགས་དང་སོམ་ཉི་ཡི་ཀློང་ནས་གོམ་འགྲོས་བྱེད་སྐབས། 

ཆེས་འབྲེལ་འདྲིས་ཟབ་པའི་ས་ཆ་སྟེ། 

ཕ་ཡུལ་གྱི་ཡངས་ཤིང་རྒྱ་ཆེ་བའི་རྩྭཐང་དེ།

འདྲེན་བྱེད་ཀྱི་ཡུལ་ལས་ནམ་ཡང་མ་འདས།

བཤིབས་འདྲིས་མེད་ལ།

དགྲ་གཉེན་གྱི་འབྲེལ་ལམ་མེད་པའི་སྐྱེ་བོ་དུ་མ་ཞིག་གིས།

སྣང་མེད་ངང་བསུན་གཙེས་ཀྱིས་མནར་གཅོད་གཏོང་སྐབས།

གོ་མེད་ཚོར་མེད་དུ་འདུག་ཐབས་བྲལ་ཞིང་།

དེ་བས་ཡ་ལན་སློག་མི་འདོད་པ་ནི།

ས་མཐའ་ནས་ཐོབ་པའི་བག་ཆགས་ཤིག་རེད།

དེའི་ཕྱིར་ན་ནམ་ཡང་། 

དགྲ་གཉེན་གྱི་དབྱེ་མཚམས་མ་ངེས་པའི་སྤྱི་ཚོགས་འདི་ནས་གྲོལ་ཏེ།

དལ་ལྷོད་བག་ཡངས་ཀྱི་འཚོ་བ་ཞིག་ལ་རོལ་འདོད་ཀྱིས།

ང་རྒྱང་རིང་གི་གནས་དབེན་པ་ཞིག་ལ་འགྲོ་ན་འདོད།

 ༢༠༡༣ ༤ ༢༣ ཉིན་བྲིས།