རྒྱ་ནག་གི་དམག་མི་ཕྱིར་འཐེན་བྱ་དགོས།

2013_4_30_1

དེ་རིང་ཞོགས་པར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག ལ་དྭགས་ནས་ཡིན་པའི་སློབ་ཕྲུག་ཁག་ཅིག་གི་གོ་སྒྲིག་འོག ཉེ་ཆར་རྒྱ་ནག་གི་དམག་མིས་ས་མཚམས་བརྒལ་ནས་རྒྱ་གར་ནང་བཙན་འཛུལ་བྱས་ཡོད་པ་དེར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༢།༣༠ ཀྱི་སྟེང་། དྷ་སའི་མེག་གྷན་རླངས་འཁོར་འབབ་ཚུགས་སུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག ལ་དྭགས་ནས་ཡིན་པའི་སློབ་ཕྲུག་ཁག་ཅིག་གི་གོ་སྒྲིག་འོག བོད་མི་དང་རྒྱ་གར་བ་ཁག་ཅིག་མཉམ་འཛོམས་ཀྱིས། ཟླ་འདིའི་ཕྱི་ཚེས་༡༥ ཉིན་ནས་འགོ་བརྩམས་ཏེ་རྒྱ་ནག་གི་དམག་མི་ཁག་ཅིག་གིས། རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་བརྒལ་ཏེ་བཙན་འཛུལ་བྱས་པར་ངོ་རྒོལ་གྱི་གཏམ་བཤད་དང་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་ཞིག་སྤེལ་སོང་།

2013_4_30_1ལས་འགུལ་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་གནང་སྐབས། ཉེ་ཆར་རྒྱ་ནག་གི་དམག་མི་ཚོས་ས་མཚམས་བརྒལ་ནས་རྒྱ་གར་ནང་བཙན་བྱས་ཏེ། ད་ལྟའི་ཆར་གནད་དོན་དེའི་ཐོག་རྒྱབ་ཁབ་གཉིས་ཀྱི་བར་སྐད་ཆ་བཤད་བཞིན་ཡོད་པ་དང་། གནད་དོན་དེ་ལ་བརྟེན་ནས་རྒྱ་གར་གྱི་ཡུལ་མི་མང་པོ་ཞིག་ལ་དམིགས་བསལ་ཚོར་བ་ཞིག་བྱུང་ཡོད་སྟབས། ང་ཚོས་དེ་ལ་རྒྱབ་སྐྱོར་གྱི་ཆེད་དུ་ལས་འགུལ་འདི་སྤེལ་བ་ཡིན་སྐོར་དང་། དེ་བཞིན་རྒྱ་ནག་གིས་བོད་ལ་བཙན་བྱས་སྐབས་བོད་ས་གཅིག་པུ་མ་ཡིན་པར་ཨེ་ཤི་ཡའི་ས་ཁུལ་མང་པོ་ཞིག་ལ་རྒྱ་ནག་གི་དབང་ཤུགས་སླེབས་ཡོད་པ་དང་། ལྷག་པར་དུ་ཧི་མ་ལ་ཡའི་ཁུལ་དུ་རྒྱ་ནག་གི་དབང་ཤུགས་ཆེན་པོ་སླེབས་ཡོད་པར་བརྟེན། བོད་ལ་རང་བཙན་མ་ཐོབ་པར་རྒྱ་གར་ལ་ཚད་ལྡན་གྱི་བདེ་འཇགས་ཡོང་རྒྱུ་ཁག་པོ་ཡིན་པས། ང་ཚོ་ཚང་མས་མཉམ་དུ་ལས་འགུལ་སྤེལ་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་བྱུང་།

མཐར་ཁོང་གིས་ཡོང་འཆར་གྱི་ཕྱི་ཟླ་༥ པའི་ཚེས་༩ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་ཕེབས་གཏན་ཁེལ་ཡོད་པར་བརྟེན། གལ་ཏེ་རྒྱ་ནག་གི་དམག་མི་ཚོ་ས་མཚམས་ནས་ཕྱིར་འཐེན་མ་བྱས་ཚེ་འགྲོ་རྒྱུ་མེད་སྐོར་དང་། དེ་བཞིན་ཕྱི་ཟླ་༥ པའི་ཚེས་༢༠ ནང་རྒྱ་ནག་གི་སྲིད་བློན་རྒྱ་གར་དུ་ཡོང་འཆར་ཡོད་པ་དེ་ལ་ཡང་།  རྒྱ་གར་དང་བོད་མི་གཉིས་ཀྱི་ངོས་ནས་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡིན་སྐོར་སོགས་ཀྱི་གཏམ་བཤད་གནང་སོང་།

དེ་བཞིན་ཐེངས་འདིའི་ལས་འགུལ་བའི་སྐུ་ཚབ་ཚོས་ཧིན་སྐད་ཐོག་རྒྱ་ནག་གི་དམག་མི་ཚོ་རྒྱ་གར་གྱི་ས་ཐོག་ནས་མགྱོགས་པོར་ཕྱིར་འཐེན་བྱ་དགོས་སྐོར་གྱི་གཏམ་བཤད་གནང་སོང་།

རྒྱ་ནག་གི་དམག་ཁག་ཅིག་གིས་ཟླ་འདིའི་ཕྱི་ཚེས་༡༥ ཉིན་ནས་འགོ་བརྩམས་ཏེ་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་ནས་ཀི་ལོ་མི་ཊར་༢༠ བརྒལ་བར་འཛུལ་བྱས་ཏེ་བསྡད་ཡོད་པར་བརྟེན། ད་ལྟའི་ཆར་གནད་དོན་དེའི་ཐོག་རྒྱབ་ཁབ་གཉིས་ཀྱི་བར་སྐད་ཆ་བཤད་བཞིན་ཡོད་པ་རེད་འདུག