རེ་བ།

ཀ་མེད་སུམ་ཅུ་གོ་རིམ་ཤེས་ཙམ་ནས། །
ཁ་ངན་ཚིག་གི་ཕུང་པོ་མ་སྤུངས་རོགས། །
ག་དུས་ཡིན་ཡང་རང་ངོས་ཟིན་བྱས་ནས། །
ང་ཞེས་མ་རློམས་ཀུན་དང་མཐུན་པ་མཛོད། །

ཆ་ལུགས་ཡ་མ་ཟུང་གི་སྤྱོད་ལམ་ནི། །
ཅ་ཅོར་དགའ་མཁན་རིགས་ཀྱི་འགྲོ་སྟོང་ཙམ། །
ཇ་ཆང་ཤོ་བག་དག་ལ་མགོ་འཁོར་ནས། །
ཉ་ཉུང་མཉམ་བསྲེ་མཁན་དང་མ་འགྲོགས་ཨང་། །

ཏ་ཐ་ག་ཏའི་བསྟན་པ་རིན་ཆེན་འདིར། །
ཐ་ཤལ་སྐྱེ་བོ་རེ་འགའི་ལོག་བཤད་ལ། །
ད་ནས་བཟུང་སྟེ་ཇི་སྲིད་ནམ་གནས་བར། །
ན་མཉམ་གྲོགས་པོའི་ལྷན་རྒོལ་ལན་གནང་། །

པ་ལོ་མགོ་ནས་བཏུབ་རུང་མི་ཕན་པར། །
ཕ་རྟགས་ཁོག་ནས་མ་མངོན་ཡིན་མཐུན་གྲོགས། །
བ་གླང་འདུ་ཤེས་རིང་ནས་རིང་དུ་འདོར། །
མ་ལུས་འགྲོ་བའི་དོན་དུ་བརྩོན་ཅིག་ཀྱེ།།

ཙ་ཟན་དུད་འགྲོ་ལྟ་བུའི་ཀུན་སྤྱོད་འོག །
ཚ་གྲང་ངལ་བར་བརྟེན་དགོས་དོན་མེད་ཡིན། །
ཛ་དྲག་ཆེ་བའི་དུས་ངན་སྙིགས་མའི་ནང་། །
ཝ་སྐྱེས་སེངྒེ་མ་བརྫུས་རིགས་བཟང་ལགས། །

ཞ་གོས་ཁ་མདོག་བསྒྱུར་ཙམ་མ་ཡིན་པར། །
ཟ་བྱེད་གཤིན་རྗེའི་མདུན་སར་བགྲོད་ཉིན་མོར། །
འ་འུར་གཡོ་ཁུག་འགྲོ་སའི་གནས་མིན་ན། །
ཡ་ཡུག་མ་གནང་བསམ་བློ་སྔོན་དུ་ཐོངས། །

ར་བ་གངས་ཅན་ཁ་བའི་ཞིང་སར་ནས། །
ལ་ལུང་དུ་མར་བརྒལ་སྟེ་གཞན་ཡུལ་འགྲིམས། །
ཤ་རུས་གཅིག་ལས་འཆད་པའི་མིང་སྲིང་དང་། །
ས་མཐའི་བུ་ལ་དུང་བས་ཕ་མར་སོམས། །

ཧ་ཅང་སྙན་པའི་ཚིག་སྦྱོར་མེད་ན་ཡང་། །
ཨ་བར་གསལ་བྱེད་ཡོངས་རྫོགས་ཚིག་བཅད་ལམ། །
ཧ་ཅང་བྲེལ་བའི་ངང་ནས་བྲིས་པ་འདིར། །
ཨ་མའི་བུ་ངས་ལག་རྗེས་མ་ཡིན་ནམ། །

རང་ལ་འདི་ལྟར་བཤད་འོས་མི་ཆེ་ཡང་། །

རང་རིགས་མི་བུ་རེ་འགའི་སྤྱོད་ངན་དག །

རང་གི་སེམས་སུ་བཟོད་པ་དཀའ་བས་ན། །

རང་སེམས་བཟང་པོའི་ཀུན་ནས་སློང་སྟེ་སྤེལ། །