མི་གཤིས་ངན་པ།
དགུང་སྔོན་གནམ་ལ་ཐུག་དོགས་མེད་རུང་མགོ་བོ་སྒུར་ནས་འགྲོ་དང་གཅིག །
ཡངས་པའི་ས་ཆེན་རྡིབ་དོགས་མེད་རུང་རྐང་པའི་འདེགས་འཇོག་ཡང་དང་གཉིས། །
མི་བུ་བདག་གི་གོམས་གཤིས་ཡིན་ཡང་ཁྲེལ་མེད་རྒད་པོའི་སེམས་ངོགས་སུ། །
གཞན་དུ་གོ་བའི་སྣང་ཚུལ་ཤེས་དུས་སེམས་པའི་གཏིང་ནས་གད་མོ་ཤོར། །
ཀུན་མཐུན་གཤིས་ཀྱི་རྟུལ་ཞུགས་བཟུང་བར་མི་ཤེས་རྨོངས་པའི་གྲལ་དུ་བརྫངས། །
ལ་རྒྱ་བསམ་ནས་གྱོང་ཁས་བླངས་ཡང་རང་ཉིད་ཁེངས་དྲེགས་སྔར་ལས་རྒྱས། །
ཐལ་ཤལ་མི་བུའི་བྱ་སྤྱོད་འདི་དག་བཟོད་པའི་རྒྱུ་ཞེས་མཁས་པའི་གསུང་། །
ཡིད་ལ་འཁོར་དུས་རང་བློས་གང་ནུས་སྔར་བཞིན་འབད་པའི་དམ་བཅའ་འདོད། །
གོ་བ་མེད་པའི་བོང་རྒན་དག་ལ་བླངས་དོར་གནས་ལུགས་མི་འགྲོ་ཡང་། །
བཅོས་མིན་ལྷག་བསམ་དྭངས་མ་ལྡན་པའི་ཡབ་མེས་རིགས་ཀྱི་སྲས་པོ་འགས། །
ཐུགས་བསྐྱེད་ཟབ་མོས་གནས་ལུགས་ལམ་སྟོན་སྔར་ལྷག་མཛད་བཟང་སྐྱོང་བའི་ཚུལ། །
ཀུན་གྱིས་འཇལ་བའི་སྐལ་བཟང་དུས་འདིར་བདག་ཡིད་ཁྱེད་ལ་ལྷག་པར་དུངས། །