བཀའ་དྲིན་རྗེས་དྲན།
ཀ་དག་འོད་གསལ་ཡོན་ཏན་རབ་རྫོགས་དབྱངས་ཀྱི་བདག་མོ་དབྱངས་ཅན་མ། །
ཁ་བའི་བུ་ངས་ཁྱེད་ཉིད་རེ་ནས་བསྟོད་ཡུལ་གོང་མར་མཆོད་བསྟོད་ཕུལ། །
ག་དུས་ཡིན་ཀྱང་བཀའ་དྲིན་ཆེ་ཡང་སྨྱུག་འཛིན་མཁན་ཚོས་མ་བསྟོད་པའི། །
ང་ཚོས་མེས་པོ་གཉིས་པ་ལྟ་བུར་ཟམ་གདོང་པཎ་ཆེན་སྙིང་ནས་འདུད། །
ཅ་ཅོའི་གཏམ་ལ་མགོ་བོ་འཁོར་ནས་རང་ཚུགས་ཤོར་བས་ལོ་རྒྱུས་མེད། །
ཆ་ལུགས་མི་གཅིག་ཕྱི་གླིང་ལད་མོ་བཟོ་འདོད་ཨ་གསར་ཁྱེད་ལ་མེད། །
ཇ་ཆང་བག་དང་ཚུལ་མིན་བརྟེན་ནས་ལ་རྒྱ་ཤོར་བའི་ལོ་རྒྱུས་མེད། །
ཉ་མོ་ཇི་བཞིན་འགྱུར་འགྲོས་མེད་པའི་མཁས་དབང་ཁྱེད་ཉིད་སྙིང་ནས་དྲན། །
ཏ་ལའི་་བླ་མའི་དགོངས་པ་རྟོགས་ནས་སྐུ་ཚེར་ཧྲིལ་པོ་གཞན་དོན་མཛད། །
ཐ་ཆད་མི་བུ་འབུར་འཇོམས་བྱས་ནས་བོད་གཞུང་བུ་ལོན་དོང་ནས་འདྲེན། །
ད་ལྟའི་དུས་འདིར་ཤེས་རིག་སྒྲོན་མེའི་སྣང་སྙན་མང་པོ་ཁྱེད་ཀྱི་དྲིན། །
ན་སོ་རྒན་པའི་གངས་ཅན་སྤྱི་མི་ཁྱེད་མིན་སུ་ཞིག་གང་དུ་ཡོད། །
པ་ཊ་ལྟར་མཛེས་ཕྱི་ནང་རིགས་གནས་མཁྱེན་རྒྱ་ཡངས་ཤིང་འཆད་རྩོད་མཁས། །
ཕ་བཟང་བུ་ཡི་གཤིས་ཁ་དེ་ཡིས་ས་སྟེང་ཝ་ཚོགས་ཟུར་གྱིས་གནོན། །
བ་གླང་ལྟ་བུ་བསམ་སྤྱོད་དོར་ནས་དུས་རབས་གསར་པའི་འགྱུར་འགྲོས་ནང་། །
མ་ཡུམ་གངས་ཅན་ཤེ་རིག་གཤོག་ཟུང་ཕྱོགས་ཀུན་བརྐྱངས་ནས་བཀའ་བཞིན་བསྒྲུབས། །
ཙ་དང་ལོ་མའི་གནས་མལ་བརྟེན་ནས་རིག་པའི་གནས་ལྔར་གསན་བསམ་མཛད། །
ཚ་གྲང་སྡུག་བསྔལ་ཇི་ལྟར་བྱུང་ཡང་བཟོད་པའི་གོ་ཆ་བཙན་པོ་གྱོན། །
ཛ་དྲག་དུས་སུ་སྙིང་སྟོབས་འཕེལ་བཞིན་འཁོར་སློབ་དུ་མར་ལམ་སྟོན་མཛད། །
ཝ་་མོའི་གཡོ་སྒྱུར་གོམས་པ་ཆེ་བས་རུལ་སུངས་མཁན་དག་སྣ་མགོ་བརྡུངས།
ཞྭ་གོས་ལ་སོགས་གྲྭ་རྐྱང་ཞིག་དང་མཚུངས་པར་སྤྱོད་བཞིན་དམངས་དོན་བསྒྲུབས། །
ཟ་འཐུང་ཙམ་ཡང་དོན་མཐུན་མི་ཤེས་རྨོངས་རྒན་ཚོགས་ཀྱིས་ཁྱེད་ཉིད་ལ། །
འ་འུར་ངན་སྨྲས་ཨུ་ཚུགས་བྱས་རུང་བྱམས་དང་སྙིང་རྗེའི་གནས་སུ་གཟིགས། །
ཡ་རབས་ཚུལ་མཐུན་སྐྱེས་མཆོག་ཁྱེད་ནི་གངས་ཅན་མགོན་པོའི་ཐུགས་སྲས་དངོས། །
ར་བ་གངས་ཅན་ཁ་བའི་ཞིང་དུ་སྐུ་ཡི་མཚན་དཔེའི་མེ་ཏོག་བཞད། །
ལ་ལུང་བརྒལ་ཏེ་འཕགས་པའི་ཡུལ་ནས་གསུང་གི་ཟེ་འབྲུའི་མཆོད་སྤྲིན་ཕུལ། །
ཤྰཀྱའི་སྲས་པོ་ཉེ་བར་འཁོར་འདྲའི་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཤིང་། །
ས་ལའི་སྨན་ལྗོངས་མིང་དུ་གྲགས་པས་རང་ཡུལ་བདེ་སྡུག་བརྩེ་བས་གཟིགས། །
ཧ་ལམ་གངས་རིའི་ཡུལ་ལྗོངས་འདི་ན་ཁྱེད་འདྲའི་སྐྱེས་ཆེན་དཀོན་པར་སྣང་། །
ཨ་ཕའི་རྐང་འདྲེན་ཁྱི་རྒན་འགའ་རེའི་ཁྱེད་ལ་ངུ་ཟུགས་ཡང་ཡང་དང་། །
ཧ་ཅང་ཐལ་བས་དྲ་འབུ་འགའ་རེའི་ཁྱེད་ཉིད་མི་བཟོད་རྟག་ཏུ་ངུ་། །
ཨ་ཕའི་བུ་ང་དེ་དག་མཐོང་དུས་སེམས་ཀྱི་གཏིང་ནས་ཁྲེལ་དགོད་ཤོར། །
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི། །
རྒྱལ་མཚོ་ལས་ཟབ་རི་རབ་ལས་མཐོ་བས། །
ཚུར་མཐོང་བདག་ལྟའི་གཞལ་བ་མི་ནུས་ཀྱང་། །
ཆ་ཤས་ཙམ་འདིའི་བཀའ་དྲིན་རྗེས་དྲན་ཞུའོ།། །།
