ཤེས་ཡོན་ལྟེ་གནས་ཁག་གི་ཉེན་ཁ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༣༦   ཕྱི་ལོ་ ༢༠༡༣/༥/༡

ཉེ་ཆར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་༥༠ འཁོར་བའི་མཛད་སྒོ་དང་སྟབས་བསྟུན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཆིབས་བསྒྱུར་གནང་ཡོད་པ་རེད། སློབ་གྲྭ་དེའི་ནང་ནས་ཐོན་པའི་སློབ་ཕྲུག་མང་པོ་ཞིག་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་སྣེ་ཁྲིད་མཁན་གྱི་མཛད་གཙོའི་གྲས་སུ་སླེབས་ཡོད་པ་དང་།

སློབ་གྲྭ་དེ་ཐོག་མའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྙན་གྲགས་ཆེ་ཤོས་གྲས་ཀྱི་སློབ་གྲྭ་ཞིག་ཡིན། འོན་ཀྱང་ད་ལྟའི་ཆར་སློབ་གྲྭ་དེའི་ནང་དུ་སློབ་ཕྲུག་གྲངས་༢༣༢ ཙམ་ལས་མེད་པའི་ནང་བོད་པ་མ་ཡིན་པ་གྲངས་༦༤ ཙམ་ཡོད་འདུག ཉེ་བའི་ལོ་ཤས་ནས་དམའ་རིམ་གྱི་འཛིན་གྲྭ་ཁག་ཀྱང་སྒོ་བརྒྱབ་ནས། ཉེ་འཁོར་གྱི་བོད་ཕྲུག་ཉུང་ཤས་ཡོད་པ་ས་གནས་གཞན་དུ་གཏོང་དགོས་བྱུང་ཡོད་པ་རེད།

བཙན་བྱོལ་བོད་པའི་མི་འབོར་དེ་སྔོན་མ་དང་བསྡུར་ན་དེང་སྐབས་མང་དུ་སོང་ཡོད་ནའང། སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཉུང་དུ་སོང་ཡོད་པ་མ་ཟད། ཁག་ཅིག་སྒོ་རྒྱག་དགོས་ཀྱང་བྱུང་ཡོད། དེ་བཞིན་གྲྭ་ཚང་ཁག་གི་ནང་དུ་བོད་རིགས་གྲྭ་རྒྱུན་དཀོན་པའི་དཀའ་ངལ་དེ་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ཕྱོགས་གཅིག་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ད་དུང་མཐུན་རྐྱེན་གྱིས་མ་འདང་བའི་དཀའ་ངལ་མང་པོ་ཞིག་ས་གནས་གང་སར་གླེང་རྒྱུ་ཡོད་ཀྱང། ཕྱོགས་གཅིག་ནས་མཐུན་རྐྱེན་ཡོད་པ་དེ་དག་བེད་སྤྱོད་བྱེད་མཁན་མེད་པའམ་བྱེད་མ་ཐུབ་པའི་དཀའ་ངལ་ཧ་ཅང་མང་པོ་ཡོད། དཔེར་ན་སློབ་གྲྭ་མང་དྲགས་ནས་སློབ་ཕྲུག་དཀོན་པ་དང། དགོན་པ་མང་དྲགས་ནས་བོད་རིགས་གྲྭ་རྒྱུན་གསར་ཞུགས་བྱེད་མཁན་དཀོན་པ། ས་ཞིང་ཡོད་ཀྱང་སྟོན་ཐོག་འདེབས་ལས་བྱེད་མཁན་གྱི་སོ་ནམ་པ་དཀོན་པ་སོགས་མཐུན་རྐྱེན་ཡོད་པ་དེ་བེད་སྤྱོད་མ་ཐུབ་པའི་དཀའ་ངལ་ཆེན་པོ་ཡོད།

སྔོན་མ་དགོས་མཁོ་ཡོད་པ་ཞིག་ཏུ་བརྩིས་ནས་འཛུགས་སྐྲུན་བྱས་པ་དེ་དག་དེང་སྐབས་དགོས་མཁོ་མེད་པར་འགྱུར་བཞིན་འདུག་པ་དང། བཙན་བྱོལ་བོད་པའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་སློབ་སྦྱོང་གི་དགོས་དམིགས་དང། སྤྱི་ཚོགས་ཀྱི་ཕུགས་འདུན་ལ་འགྱུར་བ་ཕྱིན་ནས་བོད་པའི་ཤེས་ཡོན་ལྟེ་གནས་ཁག་གི་མི་འབོར་རིམ་བཞིན་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་ཆགས་ཡོད། སློབ་སྦྱོང་གི་གྲུབ་འབྲས་ཐོག་ནས་དེང་དུས་ཆེད་ལས་རིགས་གཅིག་རྐང་འཛིན་གྱི་མཁས་པ་ཐོན་མཁན་མང་པོ་མེད་པ་དང། ཅུང་ཙམ་ཡོད་པ་དེ་དག་ལའང་ཁོར་ཡུག་དང་མཐུན་རྐྱེན་སོགས་ཀྱི་ཐོག་ནས་དཔལ་འབྱོར་ཡར་ཐོན་ཅན་གྱི་སྤྱི་ཚོགས་ཤིག་དང་བསྡུར་ཐབས་གཏན་ནས་མེད། བཙན་བྱོལ་བོད་མི་ཤེས་ཡོན་ཡོད་མེད་ཚང་མ་དཔལ་འབྱོར་འཚོལ་སྒྲུབ་ལ་གཙོ་བོ་ཁ་ཕྱོགས་ནས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་བསྐྱོད་ཐབས་བྱ་རྒྱུ་ནི་བཙན་བྱོལ་བོད་མི་མང་ཤོས་ཀྱི་ཕུགས་འདུན་ལྟ་བུར་གྱུར་ཡོད།

ད་ནས་བརྩིས་པའི་ལོ་བཅུ་དང་ཉི་ཤུ་ཙམ་གྱི་རྗེས་སུ་ཤེས་ཡོན་ལྟེ་གནས་ཁག་གི་གནས་སྟངས་ད་ལྟ་ལས་ཀྱང་ཧ་ཅང་སྡུག་ཏུ་འགྲོ་མི་སྲིད་པ་ཞིག་གཏན་ནས་མ་རེད། ད་ལྟ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་བསྐྱོད་ནས་སྒེར་གྱི་འཚོ་བ་ཡར་རྒྱས་གཏོང་ཐབས་བྱེད་བཞིན་པ་དེ་དག་མི་འོས་པ་ཞིག་རེད་ཅེས་བརྗོད་ཐབས་གཏན་ནས་མེད་ལ། དོན་དངོས་ཐོག་ནས་མི་འགྲིག་པ་ཞིག་ཀྱང་མ་རེད། འོན་ཀྱང་མ་འོངས་པར་བོད་ནང་དུ་རེ་བ་རྒྱག་ས་ཞིག་མེད་ན་བཙན་བྱོལ་ནང་བོད་པའི་ཆོས་དང་རིག་གནས་རྒྱུད་འཛིན་ཐད་ལ་རེ་བ་རྒྱག་ཡུལ་ཆེན་པོ་ཞིག་མེད་པར་འགྱུར་ངེས་ཡིན་པ། ད་ལྟའི་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཚོད་དཔག་བྱེད་ཐུབ་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཧྲིལ་པོའི་གནད་དོན་ཐོག་ནས་བལྟས་ན། མཐོང་འདོད་མེད་ཀྱང་ཆོས་དང་རིག་གནས་སྲུང་སྐྱོབ་ཀྱི་ཐོག་ནས་ཉེན་ཁ་ཆེན་པོ་ཞིག་ང་ཚོའི་མིག་མདུན་དུ་སླེབས་ཟིན་པ་རེད།

གནད་དོན་འདི་དག་གི་ཐོག་ནས་བལྟས་ཡོང་དུས་བོད་ཀྱི་འཐབ་རྩོད་དེ་ཆབ་སྲིད་དང་མི་རིགས་ཀྱི་གནད་དོན་ཞིག་མ་ཡིན་པར། ཆོས་དང་རིག་གནས་ཀྱི་འཐབ་རྩོད་འབའ་ཞིག་ཡིན་ཚུལ་བརྗོད་བཞིན་པ་དག་གི་ཕུགས་དམིགས་ལ་གཞིགས་ན་ང་ཚོ་དོན་གྱིས་ཤི་ཟིན་པ་ཞིག་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པ་ལྟ་བུར་གྱུར་ཡོད། འོན་ཀྱང་བོད་ཀྱི་བདེན་དོན་འཐབ་རྩོད་ནི་ལོ་རྒྱུས་དང། ཆབ་སྲིད། མི་རིགས། རིག་གནས་ཚང་མ་ཚུད་པའི་འཐབ་རྩོད་ཅིག་ཡིན་པར་ངོས་འཛིན་བྱེད་མཁན་ཞིག་ཡིན་ན་ད་དུང་རེ་བ་རྒྱག་ས་ཞིག་ཡོད་པར་ངོས་འཛིན་བྱས་ཀྱང་འགྲིག་པ་ལྟ་བུ་རེད། གང་ལྟར་མདོར་བསྡུས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མི་རབས་གསར་པའི་ངོས་ནས་བོད་པའི་ཆོས་དང་རིག་གནས་སྲུང་སྐྱོབ་ཀྱི་ཐོག་ལ་ནུས་པ་དང་རེ་བ་ཆེན་པོ་ཞིག་མེད་པ་ཧ་ཅང་གསལ་པོ་རེད།

བོད་ནང་གི་བོད་མི་ཚོར་རང་དབང་གི་ཁོར་ཡུག་རྒྱ་ཆེན་པོ་ཞིག་མེད་ཀྱང་སེམས་ཤུགས་དང་ལྷག་བསམ་གཏོང་ཕོད་སོགས་ཕྱོགས་གང་ཐད་ནས། བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་ཐོག་ལ་ནུས་པ་ཆེན་པོ་ཞིག་ཡོད་པ་ནི་དོན་དངོས་ཐོག་ནས་ཁས་མི་ལེན་ཀ་མེད་དུ་གྱུར་ཡོད། བཙན་བྱོལ་ནང་ད་ལྟའི་ཆར་ཆོས་སྡེ་ཁག་གི་གནས་སྟངས་དང་སློབ་གྲྭ་ཁག་གི་གནས་སྟངས་གང་ཐད་ནས་ཡག་པོ་ཡོད་ཀྱང། མ་འོངས་པར་རེ་བ་བཅོལ་ཡུལ་ཆེན་པོ་ཞིག་ཡོང་ཐུབ་མིན་ནི་གོང་དུ་བརྗོད་པ་བཞིན་རེད། དེར་བརྟེན་མ་འོངས་པར་ནང་པའི་ཆོས་ལུགས་རྣལ་མ་ཞིག་སྦྱོང་དགོས་ན་ཧི་མ་ལ་ཡའི་རི་རྒྱུད་སོགས་སུ་འཚོལ་དགོས་པ་དང། སྐྲ་སེར་མིག་ལྗང་ཅན་གྱི་སྤྱི་ཚོགས་ནང་དུ་རེ་བ་རྒྱག་ས་རེ་ཡོད་མེད་བལྟ་དགོས་པའི་དུས་ཚོད་ཅིག་འཆར་ངེས་ཡིན་པ་ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་ཐོག་ནས་མཐོང་ཐུབ་པ་ཞིག་རེད།།