བསྟན་པའི་ཁ་ཐུར་ལ་འཁོར་བ།

ལྷ་ཐོག་བཀྲ་ཤིས་འགྱུར་མེད།

ཤེས་རྨོངས་དང་རུལ་སུངས་ཀྱི་སྤྱི་ཚོགས་ནས་ངན་སྤྱོད་དབང་བཙན་ཞིང་བདེན་ལུགས་ངོ་དམན་པའི་རྐྱེན་གྱིས་སྨྱུག་ཐོགས་པ་རྣམས་ལ་སྨྲ་ལྕེ་འགུལ་བའི་བྱས་ཉེས་དང་། དྲང་བདེན་བཤད་པའི་ཁྲིམས་ཆད་ཀྱིས་མིག་ལྕེ་སྣ་གསུམ་མཛུབ་མོ་ཡན་ལག་ཚུན་ཆད་ལ་བཀའ་ཉེས་ཕོག་པའི་ལོ་རྒྱུས་ཉུང་ཉུང་གཏན་ནས་མིན།

དངོས་ཡོད་ལ་མ་བསྙོན་ཞིང་བདེན་ལུགས་ལ་མ་འགལ་ན་ཉིན་མོ་འུག་པ་དང་མཚན་མོའི་སྤྱང་ཀིའི་མིང་བྱང་གང་ཞིག་བཀབ་ཀྱང། ནམ་ཡང་ཕྱིར་ནུད་མེད་པའི་སེམས་བསྐྱེད་སྔ་ས་ནས་ཡོད་མྱོང་བ་བཞིན། དེ་རིང་འདི་ནས་དངོས་ཡོད་སྤྱི་ཚོགས་ཀྱི་བྱུང་བ་འགའ་གླེང་འདོད་བྱུང་།

 

ངན་སྤྱོད་ཀྱིས་བྱས་ཉེས་དང་བཟང་སྤྱོད་ཀྱི་ལག་རྗེས་རྣམས་ཆོས་ལུགས་ཡོད་མེད་གཉིས་ཀའི་ནང་རིང་ཐུང་མང་ཉུང་སྣ་ཚོགས་བྱས་ནས་བྱུང་ཡོད་པ་ལས། བྱས་རྗེས་ཡོད་ཚད་ཆོས་ལུགས་པས་བཞག་ཅིང། ངན་སྤྱོད་ཡོད་ཚད་ཆོས་ལུགས་མེད་ས་ནས་འཁྲབ་པ་དེ་འདྲའི་ལོ་རྒྱུས་གང་ལ་ཡང་མེད་ཅིང་། བཟང་སྤྱོད་ལ་གུས་ཞབས་དང་བདེ་སྐྱིད་ལ་དོན་གཉེར་བྱེད་སྟངས་ཀྱི་ཐད་ནས་འགྲོ་བ་མི་ཡོངས་རྫོགས་ཀྱི་སེམས་ཁམས་ལ་ཁྱད་པར་ཅུང་ཙམ་ཡང་མེད་པ་ཚང་མས་མཁྱེན་གསལ་རེད།

ཆོས་ལུགས་པ་ཚོ་ལ་མཚོན་ན་སེམས་ཁམས་ཀྱི་བག་ཆགས་ཟབ་ཤོས་དང་ཕུགས་འདུན་བཟང་ཤོས་ཉག་གཅིག་དེ་ཆོས་ལུགས་ཁོ་ན་ཡིན་པ་ནི་དཀོན་མཆོག་དང་གཞུང་ལུགས་གཉིས་ཀས་ཐག་བཅད་གནང་ཞིང་། ཆོས་ལུགས་སོ་སོའི་ངོས་ནས་ཕུགས་འདུན་འཐུས་སྒོ་ཚང་བ་རེ་འགྲུབ་རྒྱུ་ཡོད་པའི་ཡིད་ཆེས་བརྟན་པོ་ཉར་ཏེ། ཇི་སྲིད་མིའི་འགྲོ་བ་མ་སྟོངས་བར་དུ་ཆོས་ལུགས་ཀྱི་ཡུན་ཚད་དང་གནས་ཚད་ལ་རྫོགས་རྒྱུ་ཡོད་པ་བཤད་མེད་ཀྱང་། སངས་རྒྱས་ཆོས་ལུགས་ནས་བཤད་ན། བསྟན་པ་གནས་པའི་ཡུན་ཚད་ལ་རྫོགས་རྒྱུ་ཡོད་པའི་སྐད་ཆ་འདི་དེང་སང་བདེན་དོན་གནད་ཐོག་ལ་འབབ་བཞིན་པ་རེད། ཕྱག་མཆོད་སྐོར་ར་དང་ལྷ་གསོལ་འདྲེ་བརྫངས་ཙམ་ལ་སངས་རྒྱས་བསྟན་པ་ཡིན་པར་སྨྲ་ན། རྣམ་བཞག་འདི་ཙམ་ནི་སྐལ་བ་ནམ་གནས་མི་ཡུལ་མ་སྟོང་བར་དུ་རྫོགས་འགྲོ་རྒྱུའི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཞིག་མེད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་དེ་དམ་ཆོས་འདུལ་བ་ལ་ཚད་གཞི་འཛིན་དགོས་ཤིང། དམ་ཆོས་འདུལ་བའི་བསྟན་པ་ཞིག་སོང་ན་སངས་རྒྱས་བསྟན་པ་ཞིག་སོང་བར་ལྟ་དགོས།

མི་རྒྱུ་དབང་ཐང་དང་ཆེ་བཙན་སྙན་གྲགས་ཙམ་ལ་བསྟན་འཛིན་གྱི་ངོས་འཛིན་ཚུལ་ཞིག་སྟོན་པས་གང་དུ་ཡང་བཀའ་གནང་མེད། ལྟ་ཚུལ་འདི་ཡི་ཐོག་ནས་བལྟས་ན་དེང་སང་རབ་བྱུང་བཙུན་པའི་སྡེ་ཚན་གྱི་ཀུན་སྤྱོད་སྐྱོ་རུ་ཕྱིན་ཞིང་བསྟན་པའི་གནས་ཚད་མ་རྫོགས་པའི་སྔོན་ནས་བསྟན་པ་མཇུག་སྒྲིལ་གྱི་ཡོད་པ་མཐོང་ས་རིག་ས་ནས་ཤེས་ཐུབ།

བསྟན་པའི་དར་རིམ་ལ་བལྟས་ནའང་སངས་རྒྱས་མི་ཡུལ་དུ་བྱུང་བའི་རྗེས་ནས་རྒྱ་གར་ན་ལེནྡྲ་རུ་བསྟན་པ་ས་དར་རྡོ་དར་ཟེར་བ་དེ་ཆགས་ཤིང་། བསྟན་པ་ཡར་དར་གྱི་སྐབས་སུ་ཆོས་རྒྱལ་ཨ་ཤོ་ཀས་འཇིག་རྟེན་ཡོངས་ལ་ཆོས་ཀྱི་ཕོ་ཉ་བཀྱེ་ནས་བསྟན་པ་རྒྱ་བསྐྱེད་གནང་བའི་རླབས་ཆེན་གྱི་ལེའུ་ཤིན་ཏུ་རིང་། འོན་ཀྱང་དུས་རབས་རིམ་བྱུང་གི་བར་ནས་རྒྱ་གར་དུ་དར་བའི་བསྟན་པ་དེ་རྒྱ་གར་རང་ནས་ཉམས་ཆག་ཕྱིན་པའི་ལོ་རྒྱུས་ཀྱང་བྱུང་ཡོད། དུས་རབས་བདུན་པའི་ནང་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་ཐོག་དམ་ཆོས་འདུལ་བའི་བསྟན་པ་བསམ་ཡས་ནས་འགོ་འཛུགས་གནང་ཡོད་ཀྱང་། ཕྱི་ལོ་༨༤༡ ཀྱི་སྔ་རྗེས་དེར་བཙན་པོའི་རྒྱལ་བློན་ནང་དུ་ཆོས་ལུགས་ཀྱི་རྙོག་གླེང་གི་རྐྱེན་པས་བླ་ཆེན་དགོངས་པ་རབ་གསལ་རབ་ཏུ་མ་བྱུང་གི་བར། བོད་ལ་བར་བརྒལ་གྱི་བསྟན་པ་ཉམས་པའི་ལོ་རྒྱུས་ཤིག་ཡོད། སྨར་གཡོ་གཙང་གསུམ་མདོ་སྨད་ལ་བྲོས་ནས་བླ་ཆེན་གྱིས་བསྟན་པ་བསྐྱར་གསོ་གནང་བ་ནས་བཟུང་བོད་ལ་བསྟན་པ་ས་དར་རྡོ་དར་ཟེར་བ་དེ་ཆགས་མྱོང་ཞིང་། ད་དུང་ཡང་བོད་ལ་གསེར་རྟ་བླ་རུང་སོགས་ཆབ་སྲིད་དང་ཆོས་ལུགས་མ་འདྲེས་པའི་བསྟན་དགོན་བསྟན་འཛིན་ཉུང་ཤས་ཤིག་གིས་བསྟན་པའི་སྲོག་རྩ་ལ་དམ་པོར་འཇུས་པའི་བཀའ་དྲིན་གྱིས་བསྟན་པ་རྦད་དེ་ཉམས་ཐུབ་མེད།

ཡོངས་གྲགས་བོད་ལ་དུས་འགྱུར་བྱུང་ནས་བོད་ཀྱི་ཆོས་ལུགས་བླ་ཆེན་རྣམས་རི་བོ་ཧི་མ་ལ་ཡི་ཚུར་ནང་ལ་ཕེབས་ནས། གདན་ས་གསར་བཞེངས་དང་དགེ་འདུན་གསར་བསྡུ་སོགས་མདོར་ན་བོད་བརྒྱུད་ནང་བསྟན་དེ་རྒྱ་གར་དུ་རྒྱ་བསྐྱེད་དང་གསར་བཞེངས་ཀྱིས་ལོ་རྒྱུས་གསར་པ་ཞིག་གི་འགོ་བཙུགས་ནས་སྤྲུལ་སྐུ་དང་། དགེ་བཤེས། མཁན་པོ་དང་། བླ་མ་རྣམས་རང་ཉིད་ཀྱིས་གནས་བབས་དང་འཚམ་པའི་མཚན་བྱང་རེ་བསྣམས་ཏེ་རྒྱ་གར་ནས་ཕྱི་གླིང་ཡུལ་དུ་གཅིག་རྗེས་གཉིས་མཐུད་བྱས་ནས་ཕེབས་པ་རེད། ཕྱི་གླིང་ཁག་ལ་བོད་བརྒྱུད་ནང་བསྟན་གྱི་ཆེ་མཐོང་དང་རིན་ཐང་གི་ཐོག་ནས་བླ་སྤྲུལ་ཚོས་ཕར་ལ་ཆོས་བཤད་དབང་བསྐུར་གྱིས་སློབ་མ་སྐྱོང་ཞིང། ཚུར་ལ་དཀོར་མཛོད་དངུལ་ཁུག་ལ་ནོམ་པ་སླེབས་པའི་རྐྱེན་གྱིས་ཕྱི་གླིང་དུ་ཆོས་ཚོགས་བཙུགས་ཤིང། རྒྱ་གར་དུ་དགོན་པ་བཞེངས་པ་སོགས་སྤྱི་སྒེར་ལ་ཕན་པའི་བྱ་བ་གང་འཚམ་ཞིག་གྲུབ་ཡོད། དེ་ནི་བོད་བརྒྱུད་ནང་པའི་བླ་མ་ནུབ་ཕྱོགས་ལ་གདུལ་བྱར་བསྐྱོད་པའི་ཟིན་ཐོ་གསར་པ་ཞིག་རེད།

ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་དུ་ཕེབས་བཞུགས་གནང་མཁན་གྱི་བླ་སྤྲུལ་དགེ་བཤེས་ཚོའི་ནང་དུ་མངོན་གསལ་དོད་མིན་ཙམ་ལས་ཆུང་མ་དང་དགའ་རོགས་མེད་མཁན་ཆེས་དཀོན་པོ་ཆགས་པ་དང་། ཕྱི་གླིང་དུ་བཙུགས་པའི་ཆོས་ཚོགས་རྣམས་ཀྱང་དོ་བདག་རང་ཉིད་ཀྱིས་ཆོས་ཀྱི་ངོ་འབག་འོག་ནས་ཁེ་ཚོང་སྒོར་མོ་གཉེར་ས་ཙམ་ལས་བསྟན་པ་འཛིན་སྐྱོང་བྱེད་ས་ཞིག་གཞལ་ཡང་མི་རྙེད།

རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་མ་འགལ་བའི་མི་སྒེར་གྱི་རང་དབང་ལ་སུས་ཀྱང་ཚད་བཀག་དང་ཇུས་གཏོགས་མེད་པའི་ཕྱི་གླིང་པ་ཚོས་བླ་མས་དགའ་རོགས་སྒྲིག་པ་དང་ཆུང་མ་བསུ་བ་སོགས་ལ་ནོར་བ་དང་། བྱས་ཉེས་བརྩི་བའི་ལུགས་སྲོལ་མེད་སོང་བའི་རྐྱེན་གྱིས་ཕྱི་གླིང་ཡུལ་ནས་བླ་མས་འཆལ་སྤྱོད་བྱས་པའི་ལོ་རྒྱུས་ཉུང་ཉུང་གཏན་ནས་མིན། ནུབ་ཕྱོགས་མགོ་སེར་ཚོའི་བསམ་ཚུལ་ལ་མོ་སྡོམ་བཀག་ན་མི་ཡི་བདེ་སྐྱིད་ལ་ཚད་བཀག་བཟོས་པའི་བསམ་ཚུལ་ཤུགས་ཆེན་པོ་ཡོད་པའི་ཤུགས་རྐྱེན་འདི་ཕྱི་གླིང་བོད་ཀྱི་བླ་མ་ཚོ་ལ་ཚད་ངེས་ཅན་ཐེབས་ཡོད། ཕྱི་ལུགས་ཀྱི་ཤུགས་རྐྱེན་དང་གོམས་གཤིས་དེ་མཐའ་དང་མུ་བྱས་ནས་ག་ལེར་རྒྱ་གར་བལ་ཡུལ་གྱི་དགོན་སྡེ་སྤྱི་ཚོགས་ལ་ཡང་ནད་ཡམས་བཞིན་འགོས་ཡོང་དུས། གྲྭ་པའི་ནང་ལ་ཡང་ཆོས་གོས་ཀྱི་ཡོལ་རས་འོག་ཏུ་གསང་བའི་དགའ་རོགས་འཚོལ་མཁན་ཇེ་མང་དུ་སོང་ཞིང་། ཆོས་ལུགས་དགོན་སྡེའི་ནང་དུ་མིག་དཔེ་མར་བལྟ་བྱས་ནས་སོར་སྡོམ་ཉམས་ན་གྲྭ་པ་ལོག་རྒྱུ་མེད་པའི་ལུགས་སྲོལ་གསར་པ་ཞིག་ཀྱང་འབྱུང་གི་ཡོད། ད་དུང་གྲྭ་པའི་མིང་ཐོག་ནས་བུ་མོ་ལ་བཙན་གཡེམ་བྱས་པའི་གསར་འགྱུར་དངོས་སུ་མཐོང་རྒྱུ་ཡོད། ལྷག་པར་དུ་དེ་རིང་ཁ་སང་རྒྱལ་ཕྱི་ནང་གང་སར་དངུལ་གྱི་བང་མཛོད་བརྡོལ་བའི་མཁན་བླ་དགེ་བཤེས་སྤྲུལ་སྐུ་དང། གྲྭ་པ་འབྱོར་ལྡན་གང་མང་ཞིག་ཆོས་གོས་ཀྱི་བྱིན་རླབས་འོག་ཏུ་བུ་མོ་མཛེས་མའི་ཤ་འཇམ་དང་ཆང་རག་གོང་ཆེན་གྱི་དྲི་མ་ཡོད་པའི་གཏམ་རྒྱུད་རབ་ཏུ་མང་ཞིང་། སྐྲ་བྲེག་ལུས་བསྒྱུར་ཅན་གྱིས་ཆགས་སྲེད་འཁྲབ་སྟོན་བྱས་པའི་པར་རིས་དང་། གློག་བརྙན་གང་འཚམ་ཞིག་དྲ་ལམ་དུ་ཡོངས་ཁྱབ་ཏུ་གྱུར་ནས་ནང་བསྟན་ཆོས་ལུགས་ཡོངས་རྫོགས་ཀྱི་ཆེ་མཐོང་དང་མཚན་སྙན་ལ་དོ་ཕོག་བཏང་དང་གཏོང་བཞིན་པ་རེད།

དེང་སང་ཕྱི་རྒྱལ་ཡུལ་གྲུའི་བོད་མི་འདུས་སྡོད་ཁག་དང་། བལ་ཡུལ། ལྡི་ལི། དྷ་ས་སོགས་ལ་གྲྭ་པ་ལས་གྲྭ་ལོག་མང་བ་མཐོང་རྒྱུ་ཡོད་ཅིང་། གྲྭ་པ་ཡིན་མིན་གྱི་ས་མཚམས་དེ་གྲྭ་ཆས་གྱོན་མིན་ཙམ་ལས་སྡོམ་པ་ཡོད་མེད་ཀྱི་དབྱེ་འབྱེད་ཐུབ་ཀྱི་མེད་པའི་ས་མཚམས་སུ་གྱར་ཡོད། ཡང་གཅིག་བཤད་ན། དེང་སང་རྒྱ་གར་དང་བལ་ཡུལ་དུ། ས་བཀའ་རྙིང་གསུམ་དགེ་ལུགས་བོན་དང་བཅས་པའི་དགོན་པར་གྲྭ་པ་སྟོངས་ཉེན་གྱི་དཀའ་ངལ་གྱིས་དགོན་པའི་ས་མིག་བཀང་ཆེད་དང་། སྦྱིན་བདག་གི་མིག་ལམ་བཀག་བྱེད་ཙམ་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐའ་མཚམས་ཁག་ནས་ཉམས་ཐག་ཕྲུ་གུ་ཚོ་བསྡུ་རུབ་འགོ་བཙུགས་ནས་ལོ་གང་འཚམ་ཕྱིན་པ་རེད། འུ་ཐུག་ཐབས་ཟད་ཀྱི་ལས་རིམ་དང་གནས་སྟངས་འདི་ཚོ་ལ་རྒྱུས་ལོན་བྱས་དུས་རྒྱ་གར་དང་བལ་ཡུལ་དུ་རྟེན་གཞི་བྱས་པའི་བོད་པའི་དགོན་པ་ཚོའི་ལས་དབང་གི་དར་རྒུད་རྟོགས་ཐུབ། གཞིས་ཆགས་ནས་ཕ་རྒན་ཞིག་གིས་༼ངེད་ཚང་གི་བུ་དེ་མི་ཚེ་ཕ་མས་ཁ་གསོ་དགོས་བའི་རང་མགོ་མི་ཐོན་པའི་ལས་མེད་མགོ་རིལ་ཞིག་བཟོ་རྒྱུ་མིན་༽ཟེར་ནས་མ་རྒན་ལ་ཚིག་ཐག་ཆོད་པོས་བཀའ་བཀྱོན་བཏང་བའི་ལོ་རྒྱུས་ལ་དཔག་ན། རྒྱ་གར་ལ་ཡོད་པའི་བོད་རིགས་ཚོས་གྲྭ་པར་འཛིན་པའི་ལྟ་ཚུལ་དེ་མངོན་མངོན་རྗེན་རྗེན་དུ་མཐོང་ངེས། ཆབ་སྲིད་ཆོས་ལུགས་ཡོས་རྩམ་བཞིན་བསྲེས། བསྟན་འཛིན་བསྟན་བཤིག་གི་ས་མཚམས་འདྲེས། གྲྭ་པ་གྲྭ་ལོག་གི་དབྱེ་མཚམས་ངོས་མི་ཟིན་པའི་རྒྱ་གར་དང་བལ་ཡུལ་གྱི་ནང་དུ། བསྟན་པའི་གནས་ཚད་མ་རྫོགས་སྔོན་དུ་བོད་བརྒྱུད་ནང་པའི་བསྟན་པ་འདི་ངོ་འབག་དང་ཡོལ་རས་གཟུགས་བརྙན་ཙམ་ལས་ལྷག་མེད་པ་ནི་ཁ་གསལ་པོ་བྱས་ནས་ཤེས་ཐུབ།
ཕྱི་ལོ་༢༠༡༣ ཕྱི་ཟླ་༤ པའི་ཚེས་༢༥ ཉིན་བལ་ཡུལ་ནས་བྲིས།