ངོ་དེབ།

 

                                     ངོ་དེབ་ཀྱི་དགེ་མཚན་ཐོར་བུ།།

ངོབ་དེབ་ནི་བརྡ་འཕྲིན་ཐོག་ནས་མི་རྣམས་བསམ་ཚུལ་བརྗེ་རེ་དང་ཁམས་བདེའི་འཚམས་འདྲི་ཞུ་སའི་གར་སྟེགས་ཤིག་རེད་ལ།  དེས་རང་ཉིད་ལ་མཁས་མཛངས་ལྡན་པའི་སློབ་དཔོན་དུ་མ་ཞིག་དང་མཇལ་རྒྱུའི་སྐལ་བ་སྩོལ་བཞིན་པ་མ་ཟད་ལས་མེད་ཀྱི་མི་བུ་མང་པོ་ཞིག་དང་གཏམ་གླེང་དང་ཡིག་འབྲེལ་བྱེད་དུ་བཅུག  ད་དུང་ཡང་འཛམ་གླིང་ཡུལ་གྲུ་ཀུན་ལ་འཁྱམས་པའི་ལས་དབང་གཅིག་པའི་བོད་མི་མང་པོ་ཞིག་ཀྱང་ཐུག་ཕྲད་ཡོང་གི་ཡོད་སྟབས།  ངོ་དེབ་ཀྱི་དགེ་མཚན་ནི་བསམ་ཡུལ་ལས་འདས་པ་ལྟར་དུ་སྣང་།

འོན་ཏེ།  དེ་རིང་ངས་ནི་ངོ་དེབ་ཀྱིས་ང་རང་ཉིད་ལ་སྤྲད་པའི་དགེ་མཚན་ཁ་ཤས་ཤིག་འབྲི་ན་འདོད། དེ་ཡང་སྤྱིར་ན་དེང་གི་འཆར་ང་རང་ས་ཆ་གསར་པ་དང་ཁོར་ཡུག་གསར་པ་སྤྱི་ཚོགས་པ་བཅས་གསར་པ་རྐྱང་རྐྱང་གི་གནས་ཤིག་ན་ངེས་འཚོ་བ་ངན་ངོན་ཞིག་ལ་རོལ་བཞིན་དུ་བྱ་བ་ཆུང་ཆུང་ཞིག་གཉེར་བཞིན་དུ་བསྡད་ཡོད་ཅིང་།  སྐབས་འདིར་ཧ་ཅང་སྐྱི་གཡའ་བ་དང་ཁེར་རྐྱང་གི་ཚོར་འདུ་ཟབ་མོས་མནར་སྟེ།  བག་ཡངས་དང་སྤྲོ་སྣང་ཡོད་ཚད་རྒྱང་རིང་དུ་ཡལ་སོང་མོད། ངས་དྲ་ཐོག་ཏུ་ཡོང་སྟེ། ངོ་དེབ་བརྒྱུད་ནས་རང་ཉིད་ཀྱི་སྙིང་ཉེ་བའི་འཛིན་གྲོགས་དང་སློབ་གྲོགས། ད་དུང་བྱམས་བརྩེ་ཅན་གྱི་དགའ་ཉེ་དང་ཀུ་རེ་ལ་དགའ་བའི་གྲོགས་མཆོག་རྣམས་དང་མཉམ་དུ་ངོ་དེབ་ཐོག་ནས་དགའ་གཏམ། སྡུག་གཏམ། སྤྱི་ཚོགས་ཁོར་ཡུག་གི་གནས་སྟངས་སོགས་ཡོད་ཚད་འཆད་རྒྱུ་བྱུང་བ་ནི་ངོ་དེབ་ཀྱི་དགེ་མཚན་ཞིག་ཏུ་འཁུམས། རང་ཉིད་གཅིག་པོར་ཉོབ་སྣང་གི་དྲ་བར་ཚུད་སྐབས་ངས་ངོ་དེབ་ཐོག་ཡོང་སྟེ་གྲོགས་མཆོག་རྣམས་ཀྱི་སེམས་གསོ་ལ་ཉན་ནས་བདེ་སྣང་བག་ཕེབས་ཀྱི་འཚོ་བར་རོལ།  ད་དུང་ཡང་ཤེས་བྱའི་རྣམ་གྲངས་དུ་མ་ཞིག་ངོ་དེབ་བརྒྱུད་ནས་ཤེས་བྱུང་ལ།  ངོ་མཚར་ཆེ་བའི་པར་རིས་མང་པོ་ཞིག་ཀྱང་ངོ་དེབ་ཀྱིས་ངའི་མིག་ལམ་དུ་བསྟར་བྱུང་། དེས་ན་ངོ་དེབ་ནི་མཛའ་བཅུགས་ལྡན་པའི་གྲོགས་མཆོག་རྣམས་ལ་ཆེད་དུ་ཟོས་པའི་གསེར་ཟམ་ཞིག་དང་མཚུངས་སོ།།