རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་རེ་ཞིག་ཞི་འཇམ་དུ་སོང་བ།
ཉེ་བའི་བདུན་ཕྲག་གསུམ་ཙམ་རིང་གི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དེ་གནས་སྐབས་རིང་ཞི་འཇམ་དུ་སོང་ཡོད་པ་དང་། རྒྱ་ནག་གི་མཐའ་མཚམས་དམག་མིས་ལ་དྭགས་ཤར་ཕྱོགས་ཀྱི་མཐའ་མཚམས་བརྒལ་ཏེ་སྤྱི་ལེ་༡༠ ཙམ་གྱི་ནང་དུ་འཛུལ་ཡོད་པའི་རྐྱེན་གྱིས། རྒྱལ་ཁབ་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་བཟོས་ཡོད་ན་ཡང་། གནས་སྐབས་རིང་ཕྱོགས་གཉིས་ཀྱི་དམག་དཔུང་ཕྱིར་ནུར་བྱས་ཡོད་པ་རེད།
དེའང་ཟླ་འདིའི་ཕྱི་ཚེས་༥ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་གཞུང་ཕྱོགས་ནས་གནད་དོན་དེའི་སྐོར་དངོས་སུ་ཕྱིར་བསྒྲགས་བྱས་མེད་ཀྱང་། རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་དཔོན་རིགས་ཤིག་གིས་ (Reuters) གསར་ཁང་ལ་བརྗོད་དོན་ལྟར་ན། རེས་གཟའ་ཉི་མའི་དགོང་མོར་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་ཚང་མ་མཐའ་མཚམས་དེ་ནས་ཕྱིར་ནུར་བྱས་ཡོད་ཅིང་། བར་ཐག་ཅི་ཙམ་གྱི་ནང་དུ་ཕྱིར་ནུར་བྱས་ཡོད་མིན་གསལ་པོ་ཤེས་རྟོགས་བྱུང་མེད་ཀྱང་། ཕྱོགས་གཉིས་ཀྱི་དམག་དཔུང་ཁ་གཏད་དུ་ལངས་པའི་ཛ་དྲག་གི་གནས་སྟངས་དེ་རེ་ཞིག་མཇུག་བསྒྲིལ་ཡོད་པ་རེད།
རྒྱ་གར་གྱི་གནས་ཚུལ་ཡོང་ཁུངས་ལ་གཞིགས་ན། རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་བཀོད་འདོམས་དཔོན་རིགས་ཀྱིས། རེས་གཟའ་སྤེན་པ་དང་ཉི་མ་གཉིས་སོ་སོར་གྲོས་མོལ་བྱས་པ་བརྒྱུད་དེ་གྲོས་ཆོད་ཅིག་བྱུང་ཡོད་པ་དང་། རྒྱ་གར་ཕྱི་སྲིད་བློན་ཆེན་བདུན་ཕྲག་འདིའི་མཇུག་ཏུ་པེ་ཅིང་དུ་འཚམས་འདྲིར་མ་བསྐྱོད་སྔོན། ཕྱོགས་གཉིས་ཀྱི་ཛ་དྲག་གི་གནས་སྟངས་ཞི་འཇམ་དུ་བཏང་ཡོད་འདུག
ཟླ་སྔོན་མའི་ནང་རྒྱ་གར་ཕྱོགས་ནས། རྒྱ་ནག་གི་དམག་མི་༥༠ ལྷག་གིས་རྒྱ་གར་ལ་དྭགས་ཁུལ་ཤར་ཕྱོགས་ཀྱི་ས་མཚམས་སྤྱི་ལེ་༡༠ ཙམ་བརྒལ་ཏེ་སྡོད་གུར་བརྒྱབ་ཡོད་པར་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པར་ཁས་ལེན་བྱས་མེད་པ་མ་ཟད། རྒྱ་ནག་གི་དམག་དཔུང་གིས་རྒྱལ་ཁབ་གཉིས་ཀྱིས་ཁས་ལེན་ཡོད་པའི་གྲོས་དོན་དང་ས་ཐིག་ལ་བརྩི་བཀུར་བྱེད་བཞིན་ཡོད་ལུགས་བཤད་ཡོད་པ་རེད།
ད་ཐེངས་ཀྱི་དོན་རྐྱེན་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་གི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་གིས་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་བདག་དབང་ཡང་རྒྱ་ནག་ལ་ཡོད་པར་བཤད་བཞིན་ཡོད་ཅིང་། ཕྱོགས་གཉིས་ཀྱིས་གྲོས་མོལ་རིམ་པ་ཐེངས་མང་བརྒྱུད་དེ་མཐའ་མཚམས་རྩོད་རྙོག་སྐོར་གྱི་སྐད་ཆ་བཤད་ཡོད་ཀྱང་། གྲོས་མོལ་ལམ་ལྷོང་བྱུང་མེད་པ་མ་ཟད་རྩོད་རྙོག་ད་དུང་མུ་མཐུད་དུ་གནས་མུས་ཡིན་པ་དང་། རྒྱ་ནག་གི་མཐའ་མཚམས་དམག་མིས་བཙན་འཛུལ་སྔོན་མ་ལས་མང་དུ་འགྲོ་བཞིན་ཡོད་འདུག