མཁར་གསར་མཚོ་མོ།

    མཛེས་ཤིང་ཉམས་དགའ་བའི་མཁར་གསར་མཚོ་མོ་ནི་རྒྱ་ནག་གིས་སྐམ་ལ་ཉེ་བའི་མཐོ་སྒང་གི་ཚ་མེད་མཚེའུ་བཅུར་འབོད་པའི་ནང་གི་གཅིག་ཡིན་ཞིང་། རང་བྱུང་གི་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པ་མ་ཟད་འདབ་ཆགས་བྱ་རིགས་སྣ་ཚོགས་ཀྱིས་སྐད་སྙན་ལྷང་ལྷིང་དུ་སྒྲོག།

དབྱར་དུས་སུ་མཚོ་མོའི་མཐའ་ཡོངས་སུ་བསྐོར་བའི་སྔོ་ལྗང་སྤང་ཐང་གི་སྟེང་དུ་དཀར་སེར་མེ་ཏོག་འདྲ་མིན་ཁྲ་ཆིལ་བཞད་པ་དང་། མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་མེ་ཏོག་གི་དྲི་བསུང་ནི་བསིལ་བསིལ་དུ་ལྡང་བའི་རླུང་བུ་དང་འགྲོགས་ཏེ་ཕྱོགས་ཀུན་དུ་རྒྱུ་བར་བྱེད། དཀར་ནག་ཕྱུགས་རིགས་སྣ་ཚོགས་རང་དབང་གིས་རྩ་ཆུར་ཅི་དགར་རོལ་ཅིང་རྟ་ཕོའི་འཚེར་སྒྲ་དང་འབྲི་མོའི་ངུ་སྒྲ། ལུག་གུའི་འབའ་སྒྲས་མཚོ་མོར་ཡིད་དུ་འོང་བའི་འོང་བའི་མཛེས་སྡུག་གི་ཚོར་བ་ལྷག་མ་ཞིག་སྟེར། གཡུ་ཞུན་ཐང་མར་བརྡལ་བ་ལྟ་བུའི་མཚོ་མོ་ནི་སྔོ་སང་ནམ་མཁའི་དབྱིངས་ལྟར་སྤྲིན་དཀར་འདབ་མའི་གཟུགས་བརྙན་ཡང་། མཚོ་མོའི་པང་ནས་ལྷབ་ལྷུབ་དུ་གཡོ་ཞིང་ལང་ལོང་དུ་འཕྱུར། ཆུའི་གཏིང་གི་ཉ་རིགས་ཆེ་ཆུང་མང་པོའི་ལྡེམ་མྱུར་གྱི་འཁྱུག་འགྲོས་ནི་མེ་ལོང་ནང་གི་གཟིགས་བརྙན་བཞིན་ཆུ་བུར་མིག་གི་དགའ་སྟོན་དུ་གསལ། དེ་ལས་ཀྱང་མཚོ་འགྲམ་དུ་འཁྲུས་ཆུ་དང་རྐྱལ་རྩེད་ལ་རོལ་བའི་མི་རྣམས་ཅི་འདྲའི་སྐྱིད་པ་ལ། ཚ་དུབ་ཀྱིས་ངལ་བའི་སྐོམ་གདུང་གི་རྔུལ་ཆུ་དང་ར་རའི་དྲི་རྣམས་དྭངས་ཤིང་བསིལ་ལ་ཡང་ཞིང་གཡོ་བའི་ཆུ་མོའི་ཐིག་པ་རེ་རེས་ཁྱུད་མར་བཏང་བ་མ་ཟད། བསིལ་འཇམ་ཆུའི་རླབས་ཕྲེང་རེ་རེས་ལུས་ལ་རེག་ཐེངས་རེར་དགའ་བདེའི་འབུམ་གྱིས་མྱོས་པར་བྱེད་ལ། སྐྱོ་གདུང་ངལ་དུབ་ཀྱི་ཚོར་བ་ཡོངས་སུ་འཇོམས་པར་གྱུར།

  དེའང་ས་གནས་ཡུལ་མི་ཚོའི་ངག་རྒྱུན་དུ་མཚོ་མོ་འདིར་ལོ་རྒྱུས་ཁྱད་མཚར་བ་ཞིག་ཀྱང་མཆིས་ཏེ། སྔོན་གྱི་དུས་ཙ་ན། ད་ལྟའི་མཚོ་མོ་འཁྱིལ་སའི་ས་འདི་ནི་མཐའ་ཡངས་པའི་སྤང་ཐང་ཕྱུག་མོ་ཞིག་ཡིན་ཞིང་། སྤང་ཐང་དེའི་དཀྱིལ་དུ་རང་བྱུང་གི་ཆུ་མིག་ཁྱད་མཚར་བ་ཞིག་ཡོད་པར་བཤད། དེ་ནི་ཐང་དཀྱིལ་གྱི་སའི་ཁད་དུ་བུད་པའི་ཆུ་མིག་གི་བུ་ག་ཆུང་ཆུང་ཡིན་པ་དང་། བུ་ག་དེ་ནས་དྭངས་བསིལ་གྱི་འཐུང་ཆུ་ཞིམ་པོ་ཞིག་ལང་ལོང་དུ་ཁོལ་བ་ལྟར་ཡོང་གི་ཡོད་པ་རེད། ཆུ་མིག་དེ་ལ་གཞན་དང་མི་འདྲ་ཞིང་ཡ་མཚར་བའི་བཤད་རྒྱུན་ཞིག་ཀྱང་ཀུན་ལ་གྲགས་ཡོད་པ་ནི། ཐག་རིང་དུ་བསྐྱོད་པའི་མགྲོན་པོ་རྣམས་རྩྭ་ཆུ་བཟང་ཞིང་མཛེས་སྡུག་ལྡན་པའི་ཁོར་ཡུག་དེར་མཚན་མོར་བཅའ་སྡོད་བྱས་སྲོལ་ཞིག་ཡོད། ཉིན་མོར་འཐུང་ཆུ་ལེན་རྗེས་ངེས་པར་དུ་རྡོ་ལེབ་ཆུང་ཆུང་གིས་ཆུ་མིག་གི་ཁ་འགེབས་དགོས། གལ་ཏེ་ཆུ་མིག་ཁ་གཅོད་ཀྱི་རྡོ་ལེབ་དེས་མ་བཀབ་ན་ཆུ་མིག་དེ་ནས་ཤ་འོད་བརྡོལ་བ་ལྟར་ཆུ་ཆེན་ཞིག་འོང་སྟེ་ལུང་པ་ཐམས་ཅད་ཆུས་བསྣུབ་སྲིད་པའི་བཤད་རྒྱུན་ཞིག་མཆིས། ཉིན་ཞིག་ལ། ཐག་རིང་དུ་བསྐྱོད་པའི་ཚོང་པ་ཞིག་གནས་དེར་སླེབས་ཏེ་མཚན་མོ་ཞག་སྡོད་བྱས་པ་དང་། དགོང་ཁར་ཆུ་ལེན་སྐབས་སྟབས་མ་ལེགས་པ་ཞིག་ལ་ཆུ་མིག་གི་ཁ་གཅོད་འགེབས་རྒྱུ་རྦད་དེ་བརྗེད་པ་རེད། ཕྱི་ཉིན་ནམ་ལངས་བ་ན། སྔར་གྱི་བཤད་སྲོལ་ལྟར་སྤང་ཐང་ཡོངས་སུ་ཆུས་བཀང་ཏེ་ད་ལྟའི་མཚོ་མོ་འདི་འཁྱིལ་ཡོད་པ་རེད་ཟེར། ལུང་པ་འདིའི་མི་རྒན་ཚོས་ཞལ་ནས། ཆུ་མིག་དེའི་མཐའ་ནི་མཐའ་ཡས་པའི་རྒྱ་མཚོའི་ནང་དུ་ཟུག་ཡོད་པས་མཚོ་མོ་འདི་ལ་གཏིང་མཐའ་མེད་པར་བཤད། དེའི་རྐྱེན་པས་མཚོ་མོའི་ནང་དུ་སྣང་མེད་ཀྱིས་མི་གཙང་བའི་རིགས་མི་འདོར་བ་དང་ད་དུང་མཚོ་མོར་མཐའ་སྐོར་བྱེད་སྲོལ་ཞིག་ཀྱང་ད་ལྟའི་དབར་དར་ནས་ཡོད།

   ཡིད་དུ་འོང་བའི་མཚོ་མོ་འདི་ནི་མདོ་ཁམས་(དེང)་བྲག་འགོ་རྫོང་གི་སྟོད་ཀྱི་སའི་ཆར་གཏོགས་པའི་ལུང་པའི་མིང་ལ་ཏྲེ་ཧོར་ཞེས་འབོད་པའི་ཡུལ་གྱི་སྨད་ན་མཁར་གསར་གྲོང་ཞེས་པ་ཞིག་དང་མཚོའི་འགོ་ན་མཚོ་འགོ་ཞེས་པའི་གྲོང་གི་བར་དུ་འཁྱིལ་ཡོད་ཅིང་། གཡས་ན་གཡུ་འབྲུག་སྔོན་མོ་ཐང་ལ་འཁྱུག་པ་ལྟ་བུའི་རྨ་རི་དང་གཡོན་ན་མུ་ཏིག་བསྟར་ལ་རྒྱུས་འདྲིའི་རི་ཆེན་འགའ་འགྱིང་ངེར་གནས། གཞན་ཡང་རྒྱ་ནག་སི་ཁྲོན་ནས་བོད་ཀྱི་ལྷ་སའི་དབར་གྱི་(སི་བོད་གཞུང་ལམ་)འགྲམ་དུ་ཆགས་ཡོད་ཅིང་། དེའི་རྐྱེན་པས་དེང་གི་ཆར་ཡར་མར་འགྲུལ་བཞུད་དང་ལྗོངས་རྒྱུ་བྱེད་པའི་རྒྱལ་ཕྱི་ནང་གི་མགྲོན་པོ་སྟོང་ཕྲག་མང་པོའི་པར་ཆས་ཀྱི་ཤེལ་ཁ་བསྐོར་སའི་ཡུལ་ལྗོངས་ཐུན་མོང་མ་ཡིན་པ་ཞིག་ཆགས་ཏེ། མཛེས་སྡུག་ལྡན་པའི་མཁར་གསར་མཚོ་མོའི་ཡུལ་ལྗོངས་དང་དེའི་ཁོར་ཡུག་གི་རྣམ་པའི་པར་རིས་འདྲ་མིན་ནི་དྲ་ཐོག་ལ་ཡོངས་སུ་ས་ཁྱབ་རྡོ་ཁྱབ་དུ་གྱུར་ཟིན།