རྒན་བདག་བློ་བཟང་བསྟན་འཛིན་ཕྱི་དྲན་དུམ་ཞིག
ཕྱི་ལོ ༡༩༨༧ ལོའི་ཟླ་ ༩ པར་ས་ཁུལ་ཁག་གི་སློབ་མ་རྣམས་བོད་ལྗོངས་སློབ་གྲྭ་ཆེན་མོ་བ་གྱུར་བའི་ཁེངས་སྤོབས་དང་བཅས་དུས་གཅིག་ཏུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་རྒྱ་སྒོའི་ནང་འཛུལ་ནས་མཇུག་འབྲས་བཟང་པོས་བོད་ཡིག་རྩོམ་རིག་འཛིན་གྲྭའི་སློབ་མ་ཞིག་ཏུ་གྱུར་པས་དགའ་སྤྲོ་དཔག་མེད་དུ་སྐྱེས། འབྱོར་ཐོ་བཀོད་པའི་ཉིན་དེར་མཐོང་སྣང་ལ་སློབ་མ་མང་ཆེར་གཟུགས་པོར་གྱོན་ཆས་སྐྱོ་ལ་ཉམས་ཞན་པའི་གྲོང་གསེབ་ཀྱི་ཕྲུ་གུའི་རྣམ་པ་མངོན་གསལ་དོད། འོན་ཀྱང་དེའི་དབུས་སུ་གཟུགས་ཚད་རན་ཞིང་གཙང་སྦྲ་དོད་ལ་ཁམས་གཤིས་དྭངས་བ། དེང་རབས་ཀྱི་གྱོས་གོས་ཆ་ཚང་སྤྲས་པའི་གཞོན་ནུ་ཞིག་དམིགས་བསལ་ཐོན་འདུག་པ་ཁོང་ནི་ལྷ་སའི་གྲོང་ཁྱེར་གྱི་སློབ་བུ་ཞིག་ཡིན་པ་ཤེས་བྱུང་།
འབྱོར་ཐོ་བཀོད་ནས་ཉིན་གཉིས་རྗེས་ང་ཚོ་དངོས་སུ་སློབ་ཞུགས་ཀྱི་དུས་ཡིན་པས་སློབ་མ་སུམ་བཅུ་ལྷག་ཐོག་རྩེགས་བཞི་ཐོག་ཅན་གྱི་སྒོ་ཨང་ ༤༠༡ གི་འཛིན་གྲྭའི་ནང་འཛུལ། རྒན་ལྷ་མོ་ལགས་ཀྱིས་སློབ་གྲྭའི་སྒྲིག་སྲོལ་ཁག་ངོ་སྤྲོད་དང་སྦྲགས་འཛིན་གྲྭའི་རྒན་བདག་བློ་བཟང་བསྟན་འཛིན་ལགས་ཡིན་གསུངས། སློབ་གྲོགས་ཚོས་ང་ཚོར་གདམ་མ་བཅུག་པ་གང་ཡིན་ནམ། བློ་བཟང་བསྟན་འཛིན་སུ་རེད་དམ། ཞེས་འོག་ཏུ་ཤབ་ཤུབ་ཀྱིས་གྲོས་མོལ་བྱེད་སྐབས་རྒན་ལགས་ཀྱིས་ལམ་སེང་ཁྱོད་ཚོ་ཚང་མ་ཕྱོགས་མཐའ་ནས་ཡོང་བ་ཤ་སྟག་ཡིན་པས་སློབ་མའི་ལོ་རྒྱུས་གསལ་པོ་ཤེས་ཀྱི་མེད་པར་བརྟེན། དགེ་རྒན་རྣམས་གྲོས་བསྡུར་བརྒྱུད་མཐོ་འབྲིང་སློབ་ཐོན་གྱི་མཇུག་འབྲས་ལ་གཞིགས་ཏེ་བློ་བཟང་བསྟན་འཛིན་རྒན་བདག་བྱ་རྒྱུར་ཐག་བཅད་པ་ཡིན། ཁོ་སློབ་ཐོན་རྒྱུག་འབྲས་མཐོ་ཤོས་དང་ཀུན་སྤྱོད་བཟང་བའི་བཟང་པོ་གསུམ་ལྡན་གྱི་སློབ་མར་ཐེངས་མང་གདམ་ཐོན་བྱུང་བ་ཞིག་རེད། ཅེས་གསུངས་མ་ཐག་ཁམས་གཤིས་དྭངས་པའི་སློབ་མ་དེས་ཕྲན་གྱི་མིང་ལ་བློ་བཟང་བསྟན་འཛིན་ཟེར། རྒན་ལགས་རྣམ་པས་གུས་པར་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ། གུས་པས་འཛིན་གྲྭའི་སློབ་གྲོགས་ཚོ་དང་མཉམ་དུ་ལས་འགན་ལེགས་གྲུབ་ཡོང་བར་མཉམ་འདེགས་ཧུར་བརྩོན་ངང་སློབ་གྲྭའི་སྔོན་ཐོན་དང་ཕུལ་བྱུང་འཛིན་གྲྭ་ཆགས་པ་བརྩོན་ལེན་བྱེད་ཀྱི་ཡིན། སླད་ཕྱིན་ངས་མ་འགྲིག་པ་བྱུང་ན་ཐད་ཀར་མདུན་དུ་སྐྱོན་བརྗོད་གནང་རོགས་ཞེས་བརྗོད་སོང། གཞོན་ནུ་དེའི་བབ་ལྷིང་བརྟན་གསུམ་གྱི་དོན་ལྡན་གཏམ་བཤད་མདོར་བསྡུས་དེ་ལས་ཚམ་མས་དགེ་རྒན་གྱིས་བློ་བཟང་བསྟན་འཛིན་འཛིན་གྲྭའི་རྒན་བདག་གདམས་པར་ཡིད་རང་དང་དགའ་བསུ་ཞུས་ཡོད།
ཐེངས་ཤིག་གུས་མོ་དང་སློབ་གྲོགས་ཟླ་བ་གཉིས་མིང་གཞུང་གཞིར་བཟུང་གད་རེས་ཡིན་ལ། སང་ཉིན་སློབ་གྲོགས་རྣམས་སློབ་ཁང་དུ་ཚོགས་རྗེས་ཁོང་གིས་སྐད་ཤུགས་ཆེན་པོས། ཁ་སང་གད་རེས་སུ་རེད་དམ། ཞེས་བཤད། ང་རང་དལ་བུའི་ངང་ལངས་ནས་ཡོད་སྐབས་ཁོང་གིས། ཁྱོད་རང་གཉིས་གད་གཙང་མ་མ་བརྒྱབ་པ་གང་ཡིན། འཛིན་གྲྭའི་གཟི་བརྗིད་ལ་གཅེས་སྐྱོང་མེད་པ་ཚང་མས་དེ་ལྟར་བྱེད་ན་འགྲིག་གམ། ལམ་སེང་གཙང་མ་བཟོས། ཅེས་ནན་པོས་བཤད་པར་སྐབས་དེར་སློབ་གྲོགས་ཡོངས་ཕན་ཚུན་ཆ་རྒྱུས་མང་པོ་མེད་རྐྱེན་ཁོང་གིས་སྐད་མགོ་མཐོན་པོ་དེར་ང་རང་ངོ་ཚ་ཁ་སྐྱེངས་ངང་གདོང་དམར་པོ་གྱུར་ནས་དེ་ལྟར་བྱེད་དགོས་བྱུང་། བདུན་འགའི་རིང་ཆབ་མདོ་ཕྱོགས་ནས་ཡོང་བའི་ངེད་བུ་མོ་གསུམ་གྱིས་དབུས་སྐད་མ་གོ་བའི་རྐྱེན་ཟིན་བྲིས་ཀྱང་ཆ་མ་ཚང་ནས་ལུས་པར་བློ་བཟང་བསྟན་འཛིན་གྱིས་དམིགས་བསལ་རང་སྦྱོང་སྐབས་ང་ཚོར་དབུས་སྐད་བསླབ་པ་མ་ཟད། ཟིན་བྲིས་བརྒྱག་རོགས་དང་གོ་བརྡ་མ་འཕྲོད་པར་འགྲེལ་བཤད་རྒྱུན་འཁྱོང་གནང་མྱོང་། ཁོང་གིས་དེ་མིན་ཁྱིམ་ཚང་དབུལ་ཕོངས་ཀྱི་སློབ་གྲོགས་ལ་རོགས་རམ་བྱས་པར་བརྟེན་སློབ་གྲོགས་ཚོའི་བརྩི་བསྐུར་ཐོབ། དེ་རྗེས་ཚང་མ་མཐུན་ལམ་བཟང་བ་དང་གཙང་སྦྲ་དོད་པ། གུས་ཞབས་ལྡན་ཞིང་སྤྱི་པའི་ལས་དོན་གང་ཐུབ་སྒྲུབ་པས་བོད་ཡིག་ཚན་པའི་ཕུལ་བྱུང་འཛིན་གྲྭའི་མཚན་སྙན་ཡང་ཐེངས་འགར་ཐོབ་ཡོད། ཐེངས་གཅིག་ཁོར་ཡུག་གཙང་སྦྲའི་སྐབས་བློ་བཟང་བསྟན་འཛིན་གྱིས་སྲོག་ཆགས་ཆུང་ངུ་རིགས་གནོད་དོགས་མི་དགོས་པའི་སར་བསྐྱེལ་སྟངས་ལ་བལྟས་ན་ཁོང་ནི་བྱམས་སེམས་ཅན་ཞིག་ཀྱང་ཡིན་པར་མངོན།
ཐེངས་གཅིག་ང་དང་སློབ་གྲོགས་གཞན་གཉིས་ཀྱིས་ཁོང་གི་ཟིན་བྲིས་དེབ་ནང་སྦྲང་ནག་ཅིག་བཞག་པས་ཞོགས་པ་སློབ་ཚན་འཚོགས་སྐབས་ཟིན་དེབ་ཁ་ཕྱེས་མ་ཐག་ཁོང་གིས་འབུ་་་་་་་་་་འབུ་ཞེས་སྐད་ཤུགས་ཆེན་པོ་ཤོར་བར་བརྟེན་ཁུ་སེམ་མེར་གྱི་འཛིན་ཁང་གི་ལྷིང་འཇགས་དཀྲོག་ནས་སློབ་གྲོགས་ཚང་མ་དགོད་མོ་ཤུགས་ཆེར་ཤོར།
དུས་དེར་ལྷ་སར་ཕྱི་ལོ ༡༩༨༧ ནས་ ༡༩༨༩ ལོ་བར་རྒྱ་ནག་གཞུང་ལ་ཐེངས་གསུམ་ཙམ་འོས་ལངས་ཆེན་པོ་བྱུང་བར་བརྟེན་ནས། རྒྱ་ནག་དབུས་དམར་ཤོག་གཞུང་གིས་བཀག་སྡོམ་བྱས་པ་དང་། སྤྱི་ཚོགས་ཡོངས་ཟང་ཟིང་གི་ཁོར་ཡུག་ཏུ་གནས་ཤིང་། རང་མི་རིགས་ཀྱི་དཀའ་སྡུག་དག་གིས་སེམས་རྣལ་དུ་མི་གནས་ཀྱང་ཡུན་རིང་དེ་ལྟར་སློབ་གྲོགས་ཚོ་མཉམ་དུ་བསྡད།
༡༩༨༨ ལོའི་ཟླ་ ༣ པའི་ཚེས་ ༥ ཉིན་ཡིན་ཚོད་སློབ་གྲོགས་གཅིག་འཛིན་ཁང་དུ་རྒྱུག་ཡོང་ནས་ཁོང་ཚོ་གསོན་དང་། ང་ཚོའི་རྒན་བདག་ལགས་འཛིན་བཟུང་བྱས་འདུག ཁོང་གིས་མི་བསད་པ་རེད་ཟེར། ཞེས་བརྗོད་མ་ཐག་ང་ཚོ་ཧང་སངས་ནས་ངའི་སེམས་སུ་ཁོང་འབུ་ཆུང་ངུ་ལའང་ཞེད་སྣང་སྐྱེ་མཁན་ཞིག་ཡིན་པས་མི་བསད་པ་རེད་ཟེར་བ་དེ་དོན་དངོས་ཡིན་གྱི་མ་རེད་སྙམ་སོང་། རྒན་བདག་བློ་བཟང་བསྟན་འཛིན་ལ་ཆགས་སྒོ་དེ་བྱུང་བས་སློབ་གྲོགས་ཚོ་སྐྱོ་སྣང་དང་སེམས་སྡུག་གིས་ང་ཚོ་གོ་བསྡུར་བརྒྱུད་ཁོང་ལྟ་རུ་འགྲོ་རྒྱུ་བྱས། སྐབས་དེར་ང་ཚོ་འཛིན་གྲྭ་དང་བོད་ཡིག་ཆེད་ལས་སྡེ་ཚན་གྱི་སློབ་གྲོགས་འགའ་བཙོན་ཁང་དུ་ཐེངས་མང་ལྟ་རུ་སོང་ཡང་ཉེན་རྟོག་སྒོ་སྲུང་བས་ང་ཚོར་ཁ་རྡུང་དང་སྦྲགས་ཉེན་བརྡ་བཏང་ནས་ཕྱིར་ལོག་བཏང་། སྐབས་དེར་ང་དང་གཞན་སློབ་གྲོགས་བུ་མོ་འགའ་ངུའང་ཤོར་སོང་།
དེ་ནས་རྒན་བདག་བློ་བཟང་བསྟན་འཛིན་འཛིན་བཟུང་ཤོར་ནས་ལོ་རྗེས་མར་གུས་མོའང་བོད་ལྗོངས་སློབ་ཆེན་དགེ་སློབ་བསྡོམས་བརྒྱད་བརྒྱ་ཙམ་གྱི་འོས་ལངས་ཁྲོམ་བསྐོར་ནང་ཞུགས་པ་དང་། དེ་རྗེས་མ་ཉེས་ཁ་གཡོག་གིས་འཛིན་བཟུང་བྱས་ནས་མི་སྤྱོད་ལས་འདས་པའི་རྡུག་རྡེག་འོག་ཤི་གསོན་གཉིས་ཀྱི་མཚམས་སུ་བསྐྱེལ་ནས་ངལ་རྩོལ་བསྒྱུར་བཀོད་ལོ་གསུམ་གྱི་ཐག་བཅད་བྱས་ནས་དེ་རྗེས་ལོ་མང་རིང་དཀའ་སྡུག་རབ་དང་རིམ་པར་མྱོང་དགོས་བྱུང་ཡོད་པ་རེད།
ཉི་དུས་སུ་ང་ཚོ་བོད་ལྗོངས་སློབ་ཆེན་གྱི་གོ་གཅིག་པའི་བོད་ཡིག་རྩོམ་རིག་འཛིན་གྲྭའི་རྒན་བདག་ཐོག་མ་བློ་བཟང་བསྟན་འཛིན་ལགས་ནད་བཅོས་ཕྱིར་གློད་གྲོལ་ཐོབ་པའི་གཏམ་བཟང་ཐོས་ཤིང་ང་རང་ཧ་ཅང་དགའ་ཚོར་དང་བཅས་དགའ་སྐྱོ་ཟུང་ལྡན་གྱི་མིག་ཆུ་ཡིན་སྲིད་པའི་སེམས་ཀྱི་ཕྲེང་རྡོག་འགའ་སར་ལྷུང་སོང་། ཤེས་གསལ་ལྟར་ན་ད་ལྟའི་ཆར་ཁོང་ལ་མཁེལ་ནད་དང་མཆིན་ནད། སྙིང་ནད་དང་མངར་མོའི་ནད་གཞི། དེ་མིན་ད་དུང་མིག་གཉིས་རབ་རུབ་ཆགས་ཤིང་སྐུ་གཟུགས་ཧ་ཅང་སྐྱོ་བའི་གནས་སུ་ཡོད་པ་ཤེས་རྟོག་བྱུང་། དེ་རྗེས་ཀྱང་རྒྱལ་སྤྱིའི་རོགས་སྐྱོར་གྱི་ནུས་ཤུགས་ཀྱིས་རེད་ཟེར་བ་ལས་ཁོང་མི་བསད་ལག་དམར་བའི་མིང་ཐོག་དམར་བསད་ནས་ཚེ་བཙོན། ལོ་མང་ཚད་བཀག་ནས་མཐར་ལོ་ངོ་བཅོ་བརྒྱད་བཅས་ཀྱི་ཁྲིམས་ཐག་རིམ་པས་བཅད་དེ་ད་ཐེངས་གཞི་ནས་རང་དབང་ཐོབ་འདུག
འོན་ཀྱང་དེ་ནི་དུས་ཡུན་ཙམ་གྱི་རང་དབང་ལས་མ་རེད་བསམ་ནས་ལུས་སེམས་གཉིས་ལ་རྨ་ཁ་ཟམ་མི་ཆད་པར་མྱོང་བའི་ང་ཚོའི་རྒན་བདག་ལགས་སུ་གུས་མོ་འཛིན་གྲོགས་གཅིག་གིས་ཁོང་གི་ཆེད་དུ་ནུས་པ་བསྐྱེད་ཐབས་ཅིའང་མེད་པར་ཚོར་སོང་ཡང་། སེམས་དྲོད་མོ་ནས་ཁོང་རྗེས་སུ་ནུབ་ཕྱོགས་རང་དབང་རྒྱལ་ཁབ་ཅིག་ཏུ་སྨན་བཅོས་དང་རང་དབང་གི་ཁོར་ཡུག་ཅིག་ཏུ་ཁ་དབུགས་གཙང་མ་རྔུབས་ནས་ཚེ་མཇུག་བསྐྱེལ་ཐུབ་པའི་རེ་བ་རྩེ་གཅིག་ཏུ་འདེབས་བཞིན་ཡོད།