སྦྲ་ནག་གི་གཏམ་རྒྱུད།

སྙན་ངག་པ་གྲགས་ཅན་འཇུ་སྐལ་བཟང་གིས་བརྩམས་པའི《སྦྲ་ནག་གི་གྱེས་འབོད》ཅེས་པའི་ལྷུག་རྩོམ་སྙན་ངག་དེ་དང་མཚོན་དོན་འདྲ་ཡང་སྙན་ངག་གི་མཛེས་ཁམས་འབྲི་ཐབས་དེ་དང་གོ་བཟློག་སྟེེ་ཚིགས་བཅད་ཀྱི་ལམ་ནས་《སྦྲ་ནག་གི་གཏམ་རྒྱུད》ཅེས་པའི་སྙན་ངག་འདི་བྲིས་ཡོད། སྙན་ངག་འདིར་༢༠༠༩ ལོར་སཱ་་ར་མཐོ་སློབ་ཀྱི་རྩོམ་ཡིག་འགྲན་བསྡུར་གྱི་གར་སྟེགས་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།

བྲག་སྲིན་ཨ་མའི་ཚེ་ཐག་མཐུད་པའི་ཡར་ཀླུང་རྒྱལ་པོའི་ཁྱིམ་རྒྱུད་ཅིག།། 

སྤྲེལ་རྒན་ཨ་ཕའི་ཇུས་ལས་ལངས་ཏེ་སུམ་ཉིས་ས་ལ་འཕྲེད་ཐིག་འཐེན།། 

ཕྱོགས་བཞིའི་རྒྱལ་ཁབ་དབང་དུ་བསྡུ་བའི་རྟ་དམག་རྨིག་སྒྲའི་ཆོ་འཕྲུལ་གྱིས།། 

ས་མཚམས་རྟགས་ཀྱི་ལོ་རྒྱུས་ཡིག་ཆུང་ཤར་ནུབ་རྡོ་རིང་ངོས་སུ་བརྐོས།། 

ཆེས་ཆེར་སྔ་བའི་གནའ་བོའི་དུས་ཀྱི་ལོ་རྒྱུས་ཡིག་འབྲུའི་རི་མོ་ལ།།

ཕབས་པའི་གཟུགས་བརྙན་འཁྱོག་པོར་མེད་ན་སྤུར་རྒྱལ་བཙན་པོའི་ཁྱིམ་ཐབས་སུ།། 

མཛོ་དོར་དེད་པའི་རྒན་པོའི་ལུགས་དང་འབྲུ་མར་ལེན་པའི་རྒན་མོའི་ལུགས།། 

གཉིས་སུ་དབྱེ་བའི་ཁྲིམས་བདག་རྒྱལ་པོས་སྦྲ་ནག་བུ་མོའི་ལང་ཚོ་བརྟོད།། 

ས་གཞི་མཛེས་མའི་མངལ་གྱི་ཁྲོད་ན་རྨ་འབྲི་རྫ་གསུམ་ལྷུང་ལྷུང་བཞུར།། 

མེ་ཏོག་རྒོད་པའི་སྤང་ལྗོངས་དབུས་ན་ཕྱུགས་རྫི་ཕོ་མོས་སྙིང་གཏམ་གླེང་།། 

དར་ཅིག་བབ་པའི་ཆར་བའི་ཤུལ་ན་གཡང་མོ་ལུག་གི་འབའ་སྒྲ་སྙན།། 

ཡུད་ཙམ་ཤར་བའི་འཇའ་གཟུགས་ཁྲོད་ན་སྦྲ་ནག་བུ་མོའི་སྣང་བརྙན་མཛེས།། 

 

གྲི་རྩེ་བརྡར་བའི་ཨ་ཕའི་སྙིང་སྟོབས་ཉག་ཁའི་ལབ་ཙེའི་མལ་དུ་འཁྲུངས།། 

བཞོ་འཕྱར་ཐོགས་པའི་བུ་མོའི་རེ་བ་སྦྲ་ནག་མཐོང་ཀའི་རྒྱན་དུ་གྱུར།། 

འདོ་དྲུག་བཞོན་པའི་བུ་ཆུང་སྣང་བ་མདའ་རྩེད་འགྲན་པའི་ལས་སུ་ཤར།། 

ཡིག་དྲུག་སྒུམ་པའི་ཨ་མའི་དད་འདུན་མཆོད་སྟེགས་མར་མེ་འོད་དུ་འཚེར།། 

དཔྱིད་ཀྱི་བུ་མོའི་ལང་ཚོ་ཤོར་བས་ཁུ་བྱུག་གཞོན་ནུ་མོན་ལ་འཕུར།། 

རྩ་སྐྱ་ཟད་པའི་དགུན་གཞུང་མངལ་ན་ཚང་མེད་གྲུམ་པ་ལྟོགས་ཤི་ཐེབས།། 

གཙང་པོའི་བཞུར་རྒྱུན་འཁྱགས་ལ་བསྣུན་པས་རྟ་ཕོའི་སུག་བཞི་དར་ལ་འབྱར།། 

དགུ་ཚུགས་མཁའ་ཡི་རང་གཤིས་ལོག་པས་ཉི་མའི་འོད་སྣང་རྡུལ་དུ་ནུབ།། 

ནུབ་རླུང་གྲང་མོས་ཤུགས་ཀྱིས་བསྐྱོད་པས་སྒོ་དར་ཟད་པོ་གཡོན་དུ་འཕངས།། 

ཞོལ་གཡག་དར་མའི་སྤུ་མདོག་ཉམས་པས་སྦྲ་ནག་བུ་མོའི་མཛེས་པ་ཤོར།། 

ཕྱུགས་རྫི་བུ་མོའི་རྐང་ལམ་ཆད་པས་འབྲི་མོའི་བེའུ་རི་ལས་ལྷག།། 

ས་སྲོད་འཁྲུགས་པོའི་དུས་ཀྱི་ཀློང་ན་སྦྲ་ནག་མཁའ་མཐའ་རླུང་གིས་གཏེད།། 

 

ཉི་མའི་གྲིབ་སོ་ལུང་ལ་ཤོར་བས་བཏག་ཁྱིའི་མིག་ཟུང་རྒྱང་དུ་གཏད།། 

རི་སྤྱང་ངུ་སྐད་ཐུན་ལ་ཐོན་ཚེ་ཅང་ཤེས་རྟ་ཕོས་འཚེར་སྐད་ཤོར།། 

རྒོད་མའི་རྟེའུར་རྨས་སྐྱོན་ཐེབས་པས་གནའ་བཤད་ཨ་ཁུའི་རེ་བ་ཆད།། 

ཁ་ཞེ་མཛོ་མོའི་འོ་མ་སྐམས་པས་བཞོན་མའི་སྣང་བ་ཆུ་ལ་ནུབ།། 

 

ཡངས་པའི་སྤང་གི་མཛེས་སྡུག་དྭངས་མ་ལྕགས་ཟམ་རིང་མོའི་སྒྲོག་གིས་བསྡམས།། 

མ་ཡུམ་གངས་རིའི་མངལ་གྱི་བུ་ཆུང་ལག་དམར་ངན་པས་བཙན་གྱིས་ཕུད།། 

མེས་པོའི་སྙིང་གི་ན་གཞོན་དར་མའི་སྙིང་ཁྲག་ཚ་བོ་གངས་ལ་བསྐུས།། 

འདི་ལྟར་བཟོས་པའི་ཁོར་ཡུག་ཁྲོད་དུ་སྦྲ་ནག་ཆོན་ཐག་ཆད་ལ་ཉེ།། 

མཛོ་མོའི་གྱེན་ངུར་ལུང་ཞགས་བྱས་པས་ཡུམ་ཆེན་མ་ལོའི་སྤྱན་ཆབ་ལྷུང་།། 

རྟ་ཕོའི་དྲུག་ཤ་གཡུལ་ལས་ཕམ་པས་ཡབ་ཆེན་ཕ་ལོའི་ཐུགས་ཁུར་ལྕི།། 

སྤུན་ཟླའི་ཁ་ཕོར་གཞན་ལ་ཤོར་བས་ཕུ་ནུའི་ཚེ་སྲོག་གཏའ་མར་བཞག།། 

ལྷིང་འཇགས་སྐྱིད་པོའི་ཁོར་ཡུག་ཉམས་པས་སྦྲ་ནག་ཁྱིམ་གཞིས་འདི་ལྟར་གྲང་།།

མགོ་འཚོ་མེད་པའི་ཁྱིམ་གཞིས་སྟོང་གི་ད་ཕྲུག་ངུ་སྐད་གྲོང་ལ་བུད།། 

མོག་པོར་འབར་བའི་མར་མེའི་འོད་དུ་ཨ་ཡེས་རྒན་མོའི་ཚེ་སྲོག་ཉམས།། 

ལབ་ཙེ་ཞིག་པའི་སྡུག་ཡུས་དེ་རུ་སྟག་ཤར་དཔའ་རྩལ་རླུང་རྟ་ཆག།། 

ས་སྲོད་བཙན་པོའི་བ་མོའི་མངལ་གྱི་སྦྲ་ནག་གཏམ་རྒྱུད་འདི་ལྟར་བྲིས།།