༄། རྟག་ཏུ་རྙོག་ཟིང་ཅན་གྱི་ཁོར་ཡུག་དེའི་སྤྱི་ཚོགས་ནང་།།
༄། རྟག་ཏུ་རྙོག་ཟིང་ཅན་གྱི་ཁོར་ཡུག་དེའི་སྤྱི་ཚོགས་ནང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་དེའི་ཁོར་ཡུག་ཁྲོད་ན། རྙོག་ཟིང་ཆེ་བའི་ཆོས་ལུགས་ཆབ་སྲིད་ཅིག་གིས་སྒེར་གཅོད་བྱས་ཏེ་རྙོག་དྲ་གཅིག་གི་མཇུག་ཏུ་གཅིག་མཐུད་ནས་བར་མཚམས་ཆད་མ་མྱོང་བ་ཞིག་རེད། དང་པོ་ཐེ་ཝན་ལ་འབྲེལ་བ་ཐོག་ཚད་ཀྱི་བླ་སྤྲུལ་དང་སྐྱ་སེར་མི་དམངས་ཚང་མར་ཐེ་ཝན་གྱི་ཕོག་ཟན་ཟེར་བའི་བསྟན་དགྲ་དམ་ཉམས་ཀྱི་མིང་དང་བདུད་ནག་འཇིགས་སུ་རུང་བ་རེ་རེའི་གཟུགས་སུ་བཀོད་ཡོད། ཡིན་ནའང་ལྐོག་ནས་ཐེ་ཝན་གྱི་རོགས་སྐྱོར་སྒོར་མོ་ཁྲི་བཞི་བཅུ་ཐམ་པ་དེ་ལོ་རེར་རྡ་ས་ལ་འབབ་ཀྱི་ཡོད་པ་ནི་མི་ཁ་ཤས་མ་གཏོགས་སུས་ཀྱང་ཤེས་ཀྱི་མེད།
མཐར་རྒྱལ་བ་རིན་པོ་ཆེ་སྐུ་དངོས་སུ་ཐེ་ཝན་ལ་བྱོན་དུས་གསར་བཀོད་པ་ཞིག་གིས་ཐེ་ཝན་དང་འབྲེལ་བ་བྱེད་ཆོག་མིན་གྱི་དྲིས་ལན་ལ་འདི་ལྟར། ངས་གྱོན་པ་རྙིང་པ་བཤུས་ནས་གསར་བ་བགོས་པ་རེད། ད་ཕྱིན་ཆད་རྙོག་དྲ་སོགས་ཅི་ཡང་ཡོད་མ་རེད་ཅེས་གསུངས་ཡོད། དེ་ནས་ཆུ་སྒང་རྙོག་དྲ་སླེབས་པ་རེད། དབུས་གཙང་མ་ཡིན་པའི་མདོ་ཁམས་ཆུ་སྒང་རྩ་མེད་བཟོ་ཆེད་ཁ་གཏད་དུ་ཆུ་སྒང་གསར་བ་ཞིག་བཙུགས་པ་རེད། མཐར་བཀའ་དྲིན་ཅན་གྱི་ཆུ་སྒང་དུང་བླངས་དམག་མི་དེ་ཚོར་ཡང་འཇིགས་སུ་རུང་བའི་སྲིན་བྱ་ནག་པོ་རེ་ལ་བསྒྱུར་ནས་བོད་པའི་སྤྱི་ཚོགས་ནང་ནས་ཕྱིར་འབུད་བཏང་བ་རེད། ད་ལྟ་ནུས་མེད་གྲགས་མེད་དུ་ལུས་ཡོད་པ་དེར་གཏུག་ཐུབ་པ་འདི་རེད། དེ་དང་མཉམ་དུ་ལྷ་སྲུང་བརྟེན་ཕྱོགས་ཀྱི་དོལ་རྒྱལ་རྙོག་དྲ་ཞིག་བསླངས་པ་རེད། ཁ་ནི་འཇམ་པོའི་ངང་སོ་སོས་བརྟེན་མིན་དེ་སོ་སོའི་རང་དབང་ཡིན་ཞེས་མར་གྱིས་ཐུག་པ་ནང་བཞིན་ཞིག་བཤད་ཡོད། དོན་ལ་ཟོམ་གདོང་བླ་མས་འགོ་བཟུང་ནས་རྒྱ་གར་ལྷོ་ཕྱོགས་དང་ལྡི་ལིར་སོགས་ཀྱི་བོད་མིའི་གཞིས་ཆགས་ཉམ་ཆུང་དེ་ཚོའི་ནང་ཐུབ་ཚོད་བཏང་སྟེ་བོད་པ་མང་པོ་ཞིག་བོད་པའི་སྤྱི་ཚོགས་ནས་ཕྱིར་འདོན་བྱས་ཡོད། དེ་ལ་བརྟེན་ནས་དོལ་ཚོགས་ཀྱིས་ཉིས་སྟོང་བརྒྱད་ལོར་ཆོས་ལུགས་དད་པ་རང་མོས་དགོས་ཞེས་པའི་སྐད་འབོད་དེ་བྱེད་དགོས་སུ་གཏུག་པ་རེད། འདི་ནི་ཕལ་ཆེར་ཟོམ་གདོང་བླ་མས་ཉིས་སྟོང་བརྒྱད་ལོའི་ཞི་བའི་གྱེན་ལངས་ངོ་རྒོལ་ཆེན་པོའི་སྐད་འབོད་དེ་རོ་མེད་ནུས་མེད་བྱེད་ཐབས་ཀྱི་ངན་གཡོས་སྲིད་ཇུས་ཤིག་ཡིན་པར་ངོས་འཛིན་བྱེད་ཆོག ། དེང་སང་བཙན་བྱོལ་བོད་མིའི་སྲོག་སྙིང་ལྟ་བུའི་གཞོན་ནུ་ཚོགས་པ་དེ་མེད་པ་བཟོ་ཐབས་ལ་བརྩོན་གྱིན་ཡོད། ཁ་གཡར་ས་དེ་ནི་༧གོང་ས་མཆོག་ལ་ཐུགས་ཕམ་བཟོས་པ་དང་། ཐུགས་དགོངས་དང་མི་མཐུན་པའི་རང་བཙན་རྩོད་ཀྱི་ཡོད་པས་ཉེས་འཛུགས་བྱེད་ཀྱི་ཡོད། ཉེ་ཆར་ཕྱོགས་གང་སར་དབུ་མའི་ལམ་གྱིས་གྲུབ་འབྲས་བྱུང་ཚུལ་གྱི་ཟློས་གར་གློག་བརྙན་ཞིག་བོད་མི་གླེག་པ་ཚོར་མིག་གཉིས་བཙུམ་བཅུག་ནས་ཡིད་ངོར་འཆར་ཨེ་ཐུབ་ལྟ་བཞིན་དང་། མ་འོངས་པར་དབུ་ལམ་ནས་གྲུབ་འབྲས་ངེས་ཅན་ཞིག་ལེན་ཡོང་བའི་ཡིད་ལ་མི་ཤོང་བའི་ལུང་བསྟན་སྐམ་པོ་ཞིག་ཧམ་གཏམ་བྱེད་ཀྱིན་ཡོད། ད་ལྟ་རྡ་སར་ཡོད་པའི་སྐུ་ངོ་མང་ཆེ་བ་ཞིག་ལ་བོད་རང་བཙན་ཐོབ་པ་ལས་མ་ཐོབ་ན་ཡོང་སྒོ་ཆེ་བ་དང་ཁེ་བཟང་ཆེ་བ་དེ་བདེན་ན་ཡང་། བོད་ནང་ལོགས་ན་བཞུགས་པ་ཚོར་དེ་འདྲ་ཞིག་གཏན་ནས་མིན། ང་ཚོས་བོད་རང་དབང་རང་བཙན་གྱི་འཐབ་རྩོད་དེ་མི་རབས་ནས་མི་རབས་བརྒྱུད་ནས་རྩོད་དགོས་པ་དེ་བོད་མི་ས་ཡ་དྲུག་པོའི་ཆེད་ཡིན་པ་ལས། རྒྱ་གར་གྱི་མི་སེར་ཆགས་བསྡད་ཡོད་པའི་རྡ་སའི་སྐུ་ངོ་ངོ་གཉིས་པ་དེ་ཚོའི་ཆེད་མིན་པ་དེ་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་ཧ་གོ་དགོས་ཡོད།