བརྗེད་མི་སྲིད་པའི་ལོ་རྒྱུས།

དེ་ནས་རིན་བཞིན་སོང་བས་གནས་ཚུལ་དེ་ནང་མི་ཡིས་ཤེས་རྟོགས་བྱུང་སོང་བ་ནི་ཅི་འདྲ་མགོ་རྙོག་ཆེན་པོ་ཞིག་མ་རེད་དམ། ཉིན་ཤས་རྗེས་སུ་ང་ཡི་པ་ལགས་དང་ཐུག་སོང་། ཁོང་གིས་ལམ་སེང་ང་ལ་ཁྱེད་རང་ས་མཐར་འགྲོ་འཆར་ཡོད་པ་བདེན་ནམ་ཞེས་དྲིས་སོང་། ངས་བདེན་ཞེས་བཤད། དེ་ནས་ཁོང་གི་དབུགས་རིང་ཞིག་འཐེན་བཞིན་ལག་གཡས་པའི་འགྲམ་ལྡན་སྐྱོར་བཞིན་’’ཁྱེད་ཀྱི་ཐག་གཅོད་དེ་ཨ་ཆོས་ཀྱིས་ང་ལ་བཤད་སོང་བས་ངེད་གཉིས་ཕན་ཚུན་གོ་བསྡུར་མང་པོ་བྱས་རུང་ཁྱེད་ཀྱིས་ཐག་གཅོད་དེར་འདི་ཡིན་འདི་མིན་བཤད་ཁག་པོར་གྱུར་འདུག

ངེད་གཉིས་ཀ་ངུས་ནས་བསྡད་པ་ཡིན། ༼ཨ་ཆོས་ནི་གོང་དུ་བཤད་ཟིན་པས་ང་ཡི་ཨ་ཞང་གིས་མཚན་རེད༽ ཁྱེད་ཀྱིས་ཐག་གཅོད་དེ་འགྲིག་འདུག་ཟེར་ན་འཇིག་རྟེན་འདིར་ང་ལ་ཡོད་པ་ནི་ཁྱེད་ཁོ་ན་རེད། འགྲིག་མི་འདུག་ཞུས་ན་ཁྱེད་རང་གྲྭ་སར་ཆེན་པོ་ཞིག་ལ་འགྲོ་འདོད་ཡོད་པ་རེད། ད་འོ་ན་ང་ལ་ཐབས་ཤེས་གང་ཡོད་དམ་ཞེས་’’བཤད་ནས་ཕྲུ་གུ་ངུ་ངུ་བྱས་སོང་བས་ང་ཡང་མིག་ཆུ་དབང་མེད་དུ་ཤོར་ཐལ། དེ་ནས་ཅུང་ཟད་རྗེས་སུ་ངས་འདི་ལྟར་བཤད། ཨ་ཕ་ལགས།’’ ཁྱེད་ཀྱིས་གང་གསུངས་པ་དེ་དག་དངོས་བདེན་རེད། ཡིན་ཡང་ང་འདི་མུར་ལུང་ཁུག་འདིར་བསྡད་པ་ཡིན་ན་དགེ་མཚན་གང་ཡང་མཐོང་གྱི་མི་འདུག །མི་ཚེ་འདིར་ང་གྲྭ་པ་ཡིན་ཟེར་གྱི་ཡོད་པ་རེད། ཡིན་ཡང་གྲྭ་པ་ཞིག་ལ་དགོས་པས་ཡོན་ཏན་སྣ་གཅིག་ང་ལ་མེད་པས་ང་འདི་ལྟར་འདུག་འདོད་མི་འདུག །ད་དུང་ང་ས་མཐར་རྒྱུན་རིང་འདུག་འདོད་མེད། དུས་ཡིན་རིང་ན་ལོ་ལྔ་དང་དྲུག དེ་ལས་འདུག་འགོར་མི་ཡོང་། ཁྱེད་ཀྱིས་བསམ་ཤེས་གནང་རོགས་བྱེད་དགོས་ཞེས་སོགས་འགྲེལ་བཤད་མང་པོ་ཞུས་ནས་ཆུ་ཚོད་གཅིག་ལྷག་བསྡད་པ་ཡིན། ཡིན་ཡང་པ་ལགས་ཀྱི་འགྲིག་པའི་རྣམ་འགྱུར་གང་ཡང་བསྟན་མ་སོང་། ང་ཡང་རང་གར་དགོན་ཆུང་དེའི་ནང་དུ་ཕྱིན། ཡང་ཉིན་ཤེས་རྗེས་སུ་ཨ་མ་ལགས་ཀྱིས་མོ་སར་ཡོང་དགོས་པའི་ལན་འབྱོར། ཨ་མ་ལགས་ནི་རྟ་ཞོན་ནས་འགྲོ་ན་ཆུ་ཚོད་བཞི་ལྷག་གི་ལམ་ཐག་ཡོད་སའི་འབྲོག་ས་ཞིག་ལ་ཡོད། ང་ཡང་ལམ་སེང་ཕྱིན་པ་ཡིན། དགོངས་མོར་ས་མ་རུབ་ཙམ་དུ་འབྱོར་ཐུབ་སོང་། ང་སྦྲ་གུར་གྱི་ཐག་ཉེར་སར་འབྱོར་བ་དང་ཨ་མ་སྦྲ་སྒོ་ནས་ཕྱིར་ཕེབས་པ་དང་ཏག་ཏག་ཁེལ་སོང་། འདི་ཡིན་འདི་མིན་གང་ཡང་བཤད་ལོང་མེད་པར་ཨ་མའི་ང་ལ་འཐམ་ནས་སྐད་ཤུགས་ལུང་པ་བཀང་བ་བྱས་ནས་ངུས་སོང་བས་གཡས་གཡོན་མི་ཚོས་ཧོན་འཐོར་ནས་གཟིགས་ཀྱིན་འདུག་པས་ངས་ཨ་མ་ལགས་ནང་ལ་ཕེབས་དགོས་བཤད་སྟེ་སྦྲ་ཡི་ནང་དུ་ཕྱིན་པ་ཡིན་་་་་་་་་་་་་་་་་་་་་་མུར་འགོད་་་་་་་་་་་་་་་་་་་་་་་་