བརྗེད་མི་སྲིད་པའི་ལོ་རྒྱུས།
དངུལ་གྲ་སྒྲིག་དེ་ཡང་ནང་མིས་མ་ཤེས་པའི་སྒོ་ནས་བཟོ་དགོས་པ་ནི་བཤད་མ་དགོས་པ་ རེད། གང་ཡིན་ཟེར་ན། མི་ཚང་གཞན་ཞིག་ནས་བུ་ལོན་གཡར་ཞུས་ཀྱང་ཕྱིས་སུ་ནང་མི་སོ་སོ་ནས་བུ་ལོན་མ་ སྤྲད་ཚེ་རྙོག་ཟེང་ཅན་ཞིག་འགྱུར་ངེས་པ་དང་། ད་དུང་རྒྱུ་མཚན་ཁ་ཤས་ལ་བརྟེན་ནས་ཁག་པོར་གྱུར་ཡོད།
དེ་ནས་གོ་བསྡུར་མང་པོ་བྱས་མཐར་དབྱར་གནས་གྲོལ་བ་དང་རྒྱ་གར་ནས་ཕེབས་པའི་ལུང་ རིག་སྨྲ་བའི་ཁྱུ་མཆོག་རྒྱུད་སྟོད་མཁན་ཟུར་སྐྱབས་མཆོག་གུང་འབར་རིན་པོ་ཆེ་ མཆོག་གིས་ཞལ་སྔ་ནས་ལམ་རིམ་ཆེན་མོའི་གསུང་ཆོས་དང་དགེ་ཚུལ་སློང་གི་སྡོམ་པ་ཞུ་ ཆེད་དུ་ང་ཚོས་དགོན་པ་ནས་ཕེབས་འཆར་ཡོད་པའི་གྲྭ་བ་མང་པོ་ཡོད་པ་རེད། ངེད་གཉིས་ནས་ཀྱང་གོ་སྐབས་དེ་བཟུང་ནས་ནང་མིར་དངུལ་གནང་རོགས་ཞུ་རྒྱུར་གཏན་ ཁེལ་བྱས། ད་དུང་ཟླ་བ་གཅིག་ལྷག་སྒུག་དགོས་པ་རེད། ངོ་མ་དུས་ཡུན་རིང་དྲག་པའི་ཚོར་སྣང་དང་བསུན་སྣང་ཞིག་གིས་མནན་རུང་ཐབས་ཤེས་ གཞན་གང་ཡང་མེད་པ་ལྟ་བུར་གྱུར། གནས་སྟངས་དེ་འདྲའི་འོག་ནས་ཉིན་ཞིག་བདག་གི་ཞང་པོས་ང་འབོད་འགུག་གནང་སོང་། ང་ཡང་དོགས་པ་ཟ་བཞིན་པའི་སྒོ་ནས་ཁོ་པའི་ནང་དུ་ཕྱིན་པ་ཡིན། ནང་དུ་འབྱོར་བ་དང་་ཁོང་གིས་ང་ལ་མིག་ཕུར་ཚུགས་སུ་གཟིགས་བཞིན་ཁྱོད་རང་མྱི་ བསོད་ནམས་མེད་མཁན་ཞིག་དང་ཐོད་པ་སྐམ་པོ་ཞིག་རེད། ཁྱེད་རང་རྒྱ་གར་རུ་འགྲོ་རྒྱུར་ངན་ཇུས་བསླབས་མཁན་དེ་སུ་ཡིན་ནམ་ཞེས་སྐད་ཤུགས་ ཆེན་པོའི་སྒོ་ནས་ང་ལ་སྡིག་ར་སྐུལ་བཞིན་འདུག ངས་ཀྱང་ཐེ་ཚོམས་མེད་པའི་སྒོ་ནས་ང་རང་ཉིད་ཀྱིས་ཐག་བཅད་པ་ལས་སུ་གང་གིས་བཏིང་ བསྐུལ་བཏང་མ་སོང་ཞེས་བཤད་པ་ཡིན། དེ་ནས་ཁོས་བཤད་རྒྱུར། གལ་སྲིད་ཁྱེད་རང་རྒྱ་གར་དུ་འགྲོ་ཁུལ་བྱས་ཚེ་ངས་ཁྱེད་ཀྱིས་རྐང་པ་གཉིས་པོ་དེ་ དུམ་བུར་གཏང་མ་སོང་ན་ང་བུ་མིན་ཞེས་ངར་ནས་བཤད་སོང་། ངས་ཀྱང་ཁྱེད་ཀྱི་འདོད་མོས་རེད། ངའི་རྐང་པ་ག་དུས་དྲག་སོང་ན་ང་འགྲོ་ངེས་ཡིན། ཁྱེད་ཀྱིས་ཐག་པའི་བསྡམས་ཀྱང་ཆོག །ག་དུས་མདུད་པ་གྲོལ་སོང་ན་ང་འགྲོ་ངེས་ཡིན་ཞེས་བཤད་པ་ཡིན། སྤྱི་བཏང་ཁོང་ནི་ང་ལ་བཀའ་དྲིན་ཆེ་བའི་ཞང་པོ་ཞིག་ཡིན་པ་དང་། ནམ་རྒྱུན་ཁོང་གིས་ང་ལ་བཀོད་ཇུས་གང་བྱས་ན་ངས་ཀྱང་ལགས་སོ་ཞུ་བ་ལས་ཡ་ལན་སྤྲོད་ མྱོང་མེད་ལ་ད་དུང་ང་ཁོ་ལ་ཞེད་ཀྱི་ཡོད། ཡིན་ཡང་སོ་སོས་ཐག་བཅད་ཚར་བའི་བྱ་བ་དེར་ངས་ནམ་ཡང་ཕྱིར་ནུད་མི་བྱེད་པའི་དམ་ བཅས་ཟིན་པས་ང་ལ་ཐབས་ཤེས་པ་ལྟ་བུ་གྱུར་སོང་།