ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་པའི་སྙན་ཐོ།

ཟླ་འདིའི་ཚེས་༡༤ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་པས་གསར་ཏུ་བཏོན་པའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་སྙན་ཐོའི་ནང་། རྒྱ་ནག་སྲིད་གཞུང་གིས་མུ་མཐུད་དུ་མི་མང་གི་ཆོས་ལུགས་དད་མོས་རང་དབང་རྡོག་རོལ་དུ་གཏོང་བཞིན་ཡོད་པ་རེད།

ཨོ་བྷ་མ་སྲིད་གཞུང་གིས་ངེས་པར་དུ་རྒྱ་ནག་དེ་དམིགས་བསལ་ལྟ་རྟོག་དང་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཀྱི་གྲས་སུ་འཇོག་དགོས་པ་དང་། ཚོགས་པ་དེས་ད་དུང་ཨ་རིའི་སྲིད་གཞུང་གིས་ཆོས་ལུགས་རང་དབང་ནི་པེ་ཅིང་སྲིད་གཞུང་དང་གྲོས་མོལ་གྱི་བརྗོད་གཞིའི་དོན་ཚན་གཙོ་བོ་ཞིག་ཏུ་འཇོག་དགོས་ཞེས་བསམ་འཆར་བཏོན་ཡོད་པ་རེད།

ཆབ་སྲིད་ཤོག་ཁག་མ་ཡིན་པའི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཚན་པའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་པས་གཟའ་འཁོར་སྔོན་མའི་ནང་བཏོན་པའི་ཕྱི་ལོ་༢༠༡༣ ལོའི་རྒྱལ་སྤྱི་ཆོས་ལུགས་རང་དབང་སྙན་ཐོའི་ནང་དུ། རྒྱ་ནག་དང་འབར་མ། ཨེ་རྗེ་པུ་ཏྲི། ཨི་རག་སོགས་ཀྱི་རྒྱལ་ཁབ་ཁག་ནི་ཆོས་ལུགས་རང་དབང་གི་གནས་བབས་ཆེས་སྐྱོ་བ་དང་། དམིགས་བསལ་ལྟ་རྟོག་བྱེད་དགོས་པའི་རྒྱལ་ཁབ་རིམ་པ་དང་པོའི་(Tier One) གྲས་སུ་བཞག་ཡོད་པ་རེད།

ཨ་རི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་པའི་ཚོགས་གཙོ་ཁཱ་རི་ཎ་ལེ་ཐོ་ (Katrina Lantos Swett)ཡིས་ཕྱི་ཟླ་༥ ཚེས་༨ ཉིན་སྙན་ཐོ་སྤེལ་བའི་ཚོགས་འདུའི་ཐོག་བརྗོད་རྒྱུར། འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་དུ་ཆོས་ལུགས་དད་མོས་རང་དབང་ནི། ངེས་པར་དུ་ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་མོལ་གྱི་ཆ་རྐྱེན་གལ་ཆེ་ཤོས་དེ་ཡིན་དགོས། དེང་སང་མི་མང་པོ་ཞིག་གིས། ང་ཚོར་འགལ་རྐྱེན་ཞིག་འཕྲད་བཞིན་པ་ནི་རྒྱ་ནག་སྟོབས་ཆེ་རུ་འགྲོ་བ་དེ་རེད། ང་ཚོས་གནད་དོན་དེ་དག་གི་ཐོག་ལབ་གླེང་གང་ཡང་མི་བྱེད་པར། ཁོང་ཚོ་དང་མཐུན་ཐབས་ལ་ཤུགས་སྣོན་རྒྱག་དགོས་ཟེར། འོན་ཀྱང་ངས་བལྟས་ན། གལ་སྲིད་ཨ་རིས་རང་ཉིད་ཀྱི་རིན་ཐང་ལྟ་ཚུལ་དེ་ལོགས་སུ་བཞག་པ་ཡིན་ན། དེ་ནི་ཧ་ཅང་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཤིག་རེད་ཅེས་བརྗོད་འདུག

ཆོས་འཁོར་སྒོམ་སྒྲུབ་ཚོགས་པ་དང་བོད། ཡུ་གུར་ས་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་མཐིལ་ཕྱིན་བྱས་པའི་ཨ་རིའི་རྒྱལ་ཁབ་མང་གཙོའི་ཐེབས་རྩ་ཁང་གི་ཨེ་ཤི་ཡ་སྡེ་ཚན་གྱི་འགན་འཛིན་ལུ་ཡི་ས་གྷི་རི་ཝི་(Louisa Greve) ཡིས་བརྗོད་རྒྱུར། རྒྱ་ནག་གིས་ཆོས་འཁོར་སྒོམ་སྒྲུབ་ལ་ཆོས་ལོག་གི་མིང་བྱང་འདོགས་ཡོད་པ་དང་། ཆོས་འཁོར་སྒོམ་སྒྲུབ་མི་སྣ་ལ་ཆེས་གདུག་རྩུབ་ཆེ་བའི་དྲག་པོའི་སྲིད་ཇུས་སྤེལ་ཡོད་རེད། དེ་བཞིན་བོད་དང་ཤར་ཏིར་གུ་སི་ཐན་གྱི་ཆོས་ལུགས་དང་མི་རིགས་ཀྱི་འདུ་ཤེས་ལ། རྒྱ་ནག་གིས་རྒྱལ་སྤྱིའི་གནས་བབས་བེད་སྤྱོད་དེ་དྲག་གནོན་ཁྲིམས་མཐུན་ཅན་དུ་བསྒྱུར་བཞིན་པ་དང་། དཔེར་ན། རྒྱལ་སྤྱིའི་ནང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཚོར་ཁ་ཆེ་ཆོས་ལུགས་ཀྱི་ཤུགས་རྐྱེན་ལྟ་བུ་རེད།

ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་པས་བཏོན་པའི་༢༠༡༣ ལོའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གནས་བབས་ཀྱི་སྙན་ཐོའི་ནང་། དམིགས་བསལ་ལྟ་རྟོག་དགོས་པའི་རྒྱལ་ཁབ་བཅུ་གསུམ་གྱི་མིང་འདོན་ཡོད་པ་དེ་དག་ནི། འབར་མ། བྱང་ཀོ་རི་ཡ། རྒྱ་ནག ཝི་ཏི་ནཱམ།  ཨེ་རེ་ཐི་རི་ཡ། ནི་རྗེ་རི་ཡ། སུ་ཌན། ཨི་རག ཨི་རག་ཁི། པ་ཀི་སི་ཐན། ལྷོ་ཨ་རབ་བྷི་ཡ། ཏུ་གྷུ་མན་ནི་སེ་ཐན། ཨུ་རྫུ་བྷེ་ཁི་སི་ཐན་སོགས་ཡིན་པ་རེད།