ང་ཚོ་བོད་པ་རང་ཉིད་ལ་སྐད་དང་ཡི་གེ་ཡོད།

2013_5_14

ཐེངས་འདིར་༧གོང་ས་མཆོག་ཨ་རིར་ཕེབས་ཏེ་ཁུལ་དེའི་སློབ་གྲྭ་ཆེ་ཁག་དང་མི་མང་ཚོར་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་དང་། ཆོས་ལུགས་ཀྱི་མཐུན་ལམ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ནས་བཀའ་སློབ་ལམ་སྟོན་གནང་བཞིན་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༢ ཉིན་ཨ་རིའི་གྲོང་ཁྱེར་པོ་ཌི་ལན་ཌིའི་ནུབ་བྱང་བོད་རིགས་རིག་གཞུང་བསྟི་གནས་ཁང་དུ་ཁུལ་དེའི་བོད་རིགས་རྣམས་དང་ཉེ་འཁོར་གྱི་བོད་རིགས་ཚོ་མཉམ་འཛོམས་ཐོག ༧གོང་ས་མཆོག་གིས་པོ་ཌི་ལན་ཌིའི་ནུབ་བྱང་བོད་རིགས་རིག་གཞུང་བསྟི་གནས་ཁང་དབུ་འབྱེད་དང་རབ་གནས་བཀའ་དྲིན་ཆེ་བ་མཛད་རྗེས་བླངས་དོར་གྱི་བཀའ་སློབ་གནང་སྐབས། བོད་རིགས་ཚོས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་། དེ་བཞིན་ད་ལྟའི་བོད་མིའི་ཛ་དྲག་གི་གནས་སྟངས་སེལ་ཆེད་རྒྱ་གཞུང་དང་གྲོས་མོལ་བྱ་རྒྱུར་དབུ་མིའི་ལམ་གྱི་སྲིད་ཇུས་འདི་ཡག་ཤོས་ཡིན་སྐོར་སོགས་ཀྱི་ལམ་སྟོན་གནང་ཡོད་པ་རེད།
2013_5_14དེ་བཞིན་ཕྱི་ཚེས་༡༠ ཉིན་༧གོང་ས་མཆོག་གིས་ཨ་རིའི་པོར་ཊི་ལེན་ཌི་ Portland མངའ་སྡེའི་གྲོང་ཁྱེར་ཨོ་རེ་གོན་ Oregon ནང་རྟེན་གཞི་བྱས་པའི་མེ་ཏི་རི་པ་ནང་པའི་སློབ་གཉེར་ཁང་དུ་ Maitripa College ཆིབས་བསྒྱུར་བསྐྱངས་ཏེ། སྐྱེ་བ་སྔ་ཕྱི་ཡོད་མེད་དང་འབྲེལ་བའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྐབས། སྐྱེ་བ་སྔ་ཕྱི་ཡོད་མེད་ལྟ་བུའི་གནས་ཚུལ་རིགས་གཅིག་ལྐོག་གྱུར་ཆགས་ཡོད་པས། ཚན་རིག་པ་ཚོ་མཐོང་བ་མངོན་འགྱུར་གྱི་ཆོས་ཙམ་ལ་དཔྱད་པ་བྱེད་མཁན་ཡིན་པར་བརྟེན། དེའི་རིགས་ལ་ཚན་རིག་པས་དཔྱད་པའི་མཚམས་ལས་བརྒལ་བ་ཡིན་སྐོར་བཀའ་སློབ་སྩལ་བ་མ་ཟད། ༧གོང་ས་མཆོག་གིས་སྐབས་དེར་ནང་ཆོས་ནས་མཐོང་བ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་ལྟ་བུའི་རྣམ་གཞག་གསུང་པའི་ནང་ནས་ཚན་རིག་པ་ཚོས་གཙོ་བོ་མཐོང་བ་མངོན་འགྱུར་གྱི་ཆོས་ལ་དཔྱད་པ་བྱ་རྒྱུ་དང་། སྐབས་རེ་རྗེས་དཔག་ལ་རྟེན་ནས་ལྐོག་གྱུར་གྱི་ཆོས་ལའང་ཞིབ་རྟོག་བྱེད་བཞིན་ཡོད་པ་མ་གཏོགས། ཤིན་ཏུ་ལྐོག་གྱུར་གྱི་ཆོས་ལ་དཔྱད་པ་བྱེད་སྐབས་དེ་ཉམས་སུ་མྱོང་བའི་ཤེས་པ་རྐྱང་པའི་སྟེང་ནས་འགྲོ་དགོས་དུས། མྱོང་བ་པོ་དེ་ཁོ་ནས་ཤེས་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། ངོས་ཀྱི་བསམ་ཚུལ་ལྟར་ན། ཤེས་པའི་རིམ་པ་ཕྲ་རག་མང་པོ་ཡོད་པ་དེ་དག་ལ་ཚན་རིག་པ་ཚོས་གཞི་ནས་དོ་སྣང་བྱེད་འགོ་ཚུགས་བཞིན་ཡོད།
དེར་བརྟེན་ངོས་ཀྱིས་འདས་པའི་ལོ་ངོ་གསུམ་ཅུ་ཙམ་གྱི་ནང་ཚན་རིག་པ་མང་པོ་ཞིག་དང་ཐུག་འཕྲད་ཀྱིས་ཁོང་ཚོ་དང་ལྷན་ཤེས་པའི་རྣམ་གཞག་ཐོག་བགྲོ་གླེང་ཤུགས་ཆེན་པོ་བྱས་ཡོད་ཀྱང་། ད་ལྟའི་ཆར་གནད་དོན་དེ་དག་ཐོག་གཞི་རིམ་གྱི་གནས་སྟངས་ཙམ་ལས་ད་དུང་ཉམས་ཞིབ་གཏིང་ཟབ་པོ་ཡོང་རྒྱུ་རེད། ཀླད་པའི་རྫས་གཟུགས་ཅན་རག་པ་དེ་ཙམ་ལ་རྟེན་ནས་སེམས་ཀྱི་རྣམ་གཞག་གཏན་ལ་འབེབས་ དགོས་བྱུང་ན་དཀའ་ངལ་འཕྲད་རྒྱུ་ཉག་གཅིག་ཡིན། སེམས་ནི་ཧ་ཅང་ཕྲ་བའི་ཆོས་ཤིག་ཡིན། ལྷག་པར་དུད་འགྲོའི་ཀླད་པར་ཚན་རིག་པའི་ཉམས་ཞིབ་བྱ་རྒྱུ་ལྟ་བུར་མཚོན་ན། དུད་འགྲོའི་ཀླད་པ་ནི་མིའི་ཀླད་པ་ལས་ཧ་ཅང་བོང་གཟུགས་ཆུང་བ་མ་ཟད། ཧ་ཅང་ཐ་དད་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།
ཕྱོགས་མཚུངས་སྐབས་དེར་ནང་པའི་མཁས་དབང་སྐུ་ཞབས་ཧོ་སི་ཀེ་བྷི་ཛོན་ལགས་ཀྱིས་ནང་ཆོས་ནས་ཡང་སྲིད་སྐོར་གསུང་སྐབས། ཡང་སྲིད་སྐོར་རྒྱ་གར་གསོལ་རྒྱུན་རིག་གནས་ནང་ཡི་ཆེས་ཤུགས་ཆེན་པོ་བྱེད་བཞིན་ཡོད་ཀྱང་། རྒྱ་གར་གནའ་བོའི་རིག་བྱེད་ཀྱི་གཞུང་ལུགས་ (Vedas) ནང་དེའི་སྐོར་དེ་ཙམ་གསུང་མེད་ལུགས་དང་། ཡེ་ཤུ་མ་འདས་སྔོན་གྱི་དུས་རབས་བརྒྱད་པ་ཙམ་ནས་ཡང་སྲིད་སྐོར་ཟུར་ཙམ་གསལ་ཡོད། འོན་ཀྱང་ཕྱིས་སུ་ནང་པའི་གཞུང་ལུགས་ནང་ཡང་སྲིད་སྐོར་གསུང་མང་པོ་རིམ་བཞིན་ཐོན་ཡོད་སྐོར་གསུངས། དེ་བཞིན་ཁོང་གིས་སྐབས་དེར་རྒྱ་གར་ན་ལེཎྜའི་མཁས་དབང་སློབ་དཔོན་ཆོས་གྲགས་ཀྱིས་རྒྱང་འཕེན་པ་རྣམས་ཚར་གཅོད་སྐབས་རྒྱབ་རྟེན་ལུང་ཙམ་ལ་ཆ་མ་བཞག་པར་མངོན་སུམ་གྱིས་མྱོང་བའི་ཐོག་ནས་སྐྱེ་བ་ཕྱི་མ་ཡོད་པའི་བསྒྲུབ་བྱེད་གཏན་ལ་འབེབས་ཐབས་ མཛད་སྐབས། ནང་གི་རྣམ་པར་ཤེས་པ་ནི་ཕྱི་དངོས་པོ་གཟུགས་ཅན་རག་པའི་ངོ་བོ་དང་མི་མཚུངས་པར་ཤེས་པའི་རྒྱུན་སྔ་ཕྱི་ལ་བརྟེན་ནས་འགྲོ་དགོས་ཚུལ་སོགས་ཞིབ་ཕྲ་གསལ་བཤད་གནང་ཡོད་འདུག
ཕྱི་ཚེས་༩ ཉིན་༧གོང་ས་མཆོག་གིས་ཁུལ་དེར་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཤིག་ཏུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་སྟེ།༼ཀུན་ཁྱབ་འགན་ཁུར་དང་ནང་སེམས་ཀྱི་ཁོར་ཡུག་༽ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་དོན། དེ་རིང་ངོས་རང་འདི་གར་ཡོང་ནས་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། སྤྱིར་བཏང་འཛམ་གླིང་གི་འགྱུར་ལྡོག་ཐོག་ནས་གོ་ལའི་རྣམ་པར་འགྱུར་ལྡོག་འགྲོ་གི་ཡོད། འོན་ཀྱང་ང་ཚོ་མིའི་འདོད་རྔམ་གྱིས་རྐྱེན་པས་རང་བྱུང་གི་ཐོན་སྐྱེད་ཚད་ལས་བརྒལ་བ་བེད་སྤྱོད་བཏང་བར་བརྟེན་ནས་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད། དེར་བརྟེན་ང་ཚོ་འགྲོ་བ་མིས་རང་འབྱུང་གི་ཐོན་སྐྱེད་རྣམས་བེད་སྤྱོད་ཚད་རན་པོ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ང་ཚོ་མི་རེ་ངོ་རེས་ནས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་འགན་ཆེ་ཙམ་ལེན་དགོས། དེ་ལྟར་བྱེད་ཐུབ་ཚེ་གོ་ལའི་ཁོར་ཡུག་འགྱུར་ལྡོག་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་གི་ རེད། དེ་བཞིན་ཆོས་ལུགས་ཕན་ཚུན་དབར་གུས་ཞབས་དང་མཐུན་སྒྲིལ་ཡོང་ཐབས་བྱེད་དགོས། དེང་དུས་འཛམ་གླིང་འདིའི་ནང་འཕྲུལ་རིག་ཡར་རྒྱས་ལ་བརྟེན་ནས་ཟླ་བའི་གོ་ལ་དང་སྐར་མ་སོགས་ཀྱི་ནང་འགྲོ་ཐུབ་ཀྱི་ཡོད། འོན་ཀྱང་དེའི་ནང་ཡུན་རིང་འཚོ་ཐབས་བྱེད་རྒྱུ་ནི་ཤིན་ཏུ་ནས་དཀའ་ལས་ཁག་པོ་རེད། མདོར་ན། ང་ཚོ་སའི་གོ་ལ་འདིའི་ནང་གནས་དགོས་པ་ལས་གཞན་ཞིག་ཏུ་འགྲོ་ཡུལ་གཏན་ནས་མེད། དེར་བརྟེན་ང་ཚོས་རང་ཉིད་གནས་ཡུལ་གྱི་སའི་གོ་ལ་འདིར་སྲུང་སྐྱོབ་དང་བདག་གཅེས་བྱེད་རྒྱུ་ང་ཚོ་མི་རེ་ངོ་རེའི་ལས་འགན་ཆགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་གནང་ཡོད་པ་རེད།
ཕྱི་ཚེས་༨ ཉིན་༧གོང་ས་མཆོག་ཨ་རིའི་ཨོར་གན་ (Oregon) མངའ་སྡེའི་གྲོང་ཁྱེར་པོར་ཊི་ལན་ཌེར་ (Portland) ཆིབས་སྒྱུར་བསྐྱངས་ཏེ། བོད་རིགས་སློབ་ཕྲུག་ཁག་ཅིག་ལ་བཀའ་སློབ་བསྩལ་དོན། སྐུ་མདུན་སྐུ་གོང་མས་བོད་ནང་དེང་དུས་ཀྱི་ཤེས་ཡོན་སྤྲོད་རྒྱུའི་དགོངས་བཞེས་ཀྱིས་ཐུགས་བརྩོན་མཛད་ཡོད། དེ་རྗེས་ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་མཚམས་ང་ཚོས་ཐོག་མར་སློབ་གྲྭ་ཁག་གསར་འཛུགས་ཀྱིས་བོད་ཕྲུག་ཚོར་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེ་ཤོས་སུ་བརྩིས་ཡོད་པ་ལྟར། ད་བར་ལམ་ལྷོང་ཡང་གང་ཙམ་བྱུང་ཡོད་དེར་བརྟེན་ད་ཆ་ང་ཚོས་རིགས་གཅིག་རྐང་འཛིན་དང་ཁྱད་ལས་པའི་སློབ་སྦྱོང་ཐོག་ཤུགས་རྒྱག་རྒྱུའི་དུས་ལ་བབ་ཡོད། ངོས་ཀྱིས་ཁྱེད་ཚོར་དྲན་སྐུལ་གཏོང་དགོས་པ་ཞིག་ལ། ང་ཚོ་བོད་པ་རང་ཉིད་ལ་སྐད་དང་ཡི་གེ་ཡོད།
དེང་སྐབས་ནང་ཆོས་འགྲེལ་བཤད་ཡང་དག་པ་ཞིག་རྒྱག་དགོས་ན་བོད་སྐད་དེ་རན་ཤོས་ཤིག་ཆགས་ཡོད། རྒྱ་གར་དཔལ་ན་ལེནྡྲའི་བཞེད་སྲོལ་དྲི་མ་མེད་པའི་ལྟ་གྲུབ་ལ་ཆེད་གཉེར་བྱེད་དགོས་ན་བོད་སྐད་རྐྱང་པའི་ཐོག་ནས་བྱེད་ཐུབ། ཕྱོགས་གཅིག་ནས་ང་ཚོར་དེང་དུས་ཤེས་ཡོན་གྱིས་ཕོངས་ནས་བོད་ནང་གནས་ཚུལ་ཐབས་སྡུག་འདི་འདྲ་ཞིག་བྱུང་ཡོད། འོན་ཀྱང་ནང་ཆོས་ཀྱི་ཚན་རིག་དང་ནང་པའི་ལྟ་གྲུབ། དེ་བཞིན་ཚན་ཉིད་རིག་པའི་གཞུང་ལུགས་ཀྱི་རྣམ་གཞག་ལ་མཚོན་ན། དེང་སྐབས་ཆ་ཚང་བ་ཞིག་བོད་སྐད་ནང་མ་གཏོགས་ཐོབ་རྒྱུ་ཧ་ལམ་ཁག་པོ་ཆགས་ཡོད། དེར་བརྟེན་ང་ཚོས་འཛམ་གླིང་གི་གཅེས་ནོར་དེར་བདག་པོ་བརྒྱབ་ཡོད་པ་བརྗོད་ཆོག་གི་རེད། ནང་ཆོས་ནས་བསམ་པ་བཟང་པོ་བྱེད་དགོས་པའི་བསླབ་བྱ་དེ་ང་ཚོས་བྱ་བ་གང་འདྲ་ཞིག་ལ་འཇུག་ཀྱང་སེམས་ནང་དྲན་གསོ་བྱེད་དགོས་ཞེས་བཀའ་སློབ་བསྩལ་རྗེས་དྲི་བ་དྲིས་ལན་སྐབས། བོད་ནང་གི་བོད་རིགས་སློབ་ཕྲུག་ཚོར་ལམ་སྟོན་བཀའ་སློབ་ཇི་འདྲ་ཞིག་སྩལ་གནང་མཛད་རྒྱུ་ཡིན་སྐོར་གྱི་དྲི་བ་ཞུས་པར་༧གོང་ས་མཆོག་གིས་བོད་ནང་དུ་ཆ་མཚོན་ན་དེང་སྐབས་ཨ་མདོ་ཁུལ་གྱི་རྩོམ་པ་པོ་དང་མཁས་པ་མང་དག་ཅིག་གིས། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཡོང་ཆེད་འབད་བརྩོན་ལྷོད་མེད་གནང་བར་ངོས་ཀྱིས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཁ་སྐད་ས་གནས་སོ་སོའི་ནང་མི་འདྲ་བ་ཡོང་ཆོག་ཀྱང་ཡིག་སྐད་ལ་ཆ་མཚོན་ན་བོད་ས་ཡོངས་རྫོགས་ལ་གཅིག་གྱུར་ཆགས་ཡོད། དུས་རབས་བདུན་པ་བརྒྱད་པའི་སྐབས་བོད་དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད། དེ་ནས་རིམ་བཞིན་བོད་སིལ་བུར་ཐོར་རྗེས་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་མ་ཉམས་པར་གནས་ཐུབ་པ་དེ་གཙོ་བོ་བོད་ས་ཡོངས་ལ་བོད་ཡིག་གཅིག་གྱུར་དང་ཐུན་མིན་རིག་གཞུང་ཞིག་ཡོད་པ་ལས་བྱུང་ཡོད། དེར་བརྟེན་དེང་སྐབས་དེང་དུས་ཤེས་ཡོན་སྦྱང་པ་དང་ལྷན་བོད་པའི་ཐུན་མིན་སྐད་ཡིག་དང་ནང་ཆོས་སློབ་སྦྱོང་བྱས་ཏེ་ནང་ཆོས་ལ་གཞི་བཅོལ་བའི་ཐུན་མིན་སྲོལ་རྒྱུན་གྱི་རིག་གཞུང་ཞིག་ཡོད་པ་དེ་དག་བདག་གཅེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་བཀའ་ལན་གནང་ཡོད་འདུག