ལས་དབང་།
ཁྱེད་ཅག་གདོང་དམར་བོད་པ་རེད། །
ངེད་ཅག་གདོང་དམར་བོད་པ་ཡིན། །
སྤྲེལ་སྲིན་རིགས་རྒྱུད་གཅིག་པ་རེད། །
ཡབ་མེས་རིགས་ལ་དུང་བ་མཛོད། །
ཁྱེད་ཅག་མགོན་མེད་བོད་པ་རེད། །
ངེད་ཅག་ཁྱེད་དང་གཅིག་པ་རེད། །
དྭ་ཕྲུག་བདག་མེད་གཅིག་པ་རེད། །
ནམ་ཡང་མ་བརྗེད་སྙིང་གི་གྲོགས། །
ཁྱེད་ཅག་ཨ་ཇོ་གཞན་ཡུལ་འགྲིམས། །
ངེད་ཅག་སྒོ་ཁར་ཁྲམ་པས་ཁེངས། །
དབང་མེད་ཉམ་ཆུང་གངས་ཅན་པ། །
རིགས་ཀྱི་ལ་ཞེན་མ་བོར་རོགས། །
རིགས་རུས་མཆེད་ཁུངས་གཅིག་པ་ཡིན། །
འདས་དོན་ལོ་རྒྱུས་གཅིག་པ་ཡིན། །
ང་ཚོའི་ལས་དབང་གཅིག་པ་ཡིན། །
མགོ་བོ་མ་སྒུར་གངས་ཅན་པ། །
སེམས་ཀྱིས་དད་ཡུལ་གཅིག་པ་ཡིན། །
མ་འོངས་རེ་སྨོན་གཅིག་པ་ཡིན། །
ང་ཚོའི་དཔུང་པ་མཉམ་གཤིབ་ཡིན། །
མགོ་བོ་མ་སྒུར་གངས་ཅན་པ། །
སྐྱིད་ན་གླུ་ཆུང་མཉམ་ལེན་ཡིན། །
སྡུག་ན་མིག་ཆུ་མཉམ་འདོན་ཡིན། །
ང་ཚོའི་རྡོག་རྩ་གཅིག་སྒྲིལ་ཡིན། །
མགོ་བོ་མ་སྒུར་གངས་ཅན་པ། །