སྲིད་སྐྱོང་གིས་ནོར་ཝེར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ།
ཐེངས་འདིར་སྲིད་སྐྱོང་བློ་བཟང་སེང་གེ་ནོར་ཝེར་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་ཏེ། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༢ ཉིན་ནོར་ཝེ་རྒྱལ་ས་ཨོ་སི་ལོའི་ OSLOགནམ་ཐང་དུ་ཕེབས་འབྱོར་སྐབས་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་དང་སྤྱི་འཐུས་ཆུང་བདག་ཀོ་རེན་ལགས། དེ་བཞིན་ནོར་ཝེ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གསར་པ་མཚོ་མོ་ལགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག་པ་དང་། དེ་ཉིན་ཨོ་སི་ལོ་རང་དབང་གླེང་སྟེགས། (Oslo Freedom Forum) ཞེས་པས་གོ་སྒྲིག་འོག་ལྷན་ཚོགས་ཤིག་ཏུ་སྲིད་སྐྱོང་མཆོག་གདན་ཞུས་ལྟར། བཙན་བྱོལ་ནང་གི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། ང་རང་བོད་ནང་འགྲོ་མྱོང་མེད་ལ་བོད་ནམ་ཡང་མཐོང་མྱོང་ཡང་མེད། འོན་ཀྱང་ང་རང་བོད་རིགས་ཤིག་ལ་སྐྱེས་པ་འདི་དུས་རྟག་ཏུ་ངའི་སེམས་ནང་སྤོབས་པ་ཡོད། དེར་བརྟེན་ངས་གང་ཐུབ་བོད་ཀྱི་རྩ་དོན་ཆེད་ཞབས་ཞུ་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་མང་གཙོའི་སྒྲིག་འཛུགས་ཤིག་ཡིན་པར་བརྟེན། འདིར་ཁྱེད་རྣམ་པས་རང་གི་གཞི་རྩའི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྣམས་ལ་མིག་དཔེ་ལྟ་ས་ཞི་ཏུ་གྱུར་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་དང་།
དེ་བཞིན་སྐབས་དེར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་བྷི་བྷི་སི་ BBC དང་སི་ཨེན་ཨེན་ CNN སོགས་ཀྱི་འགོད་པ་ཁག་གཅིག་གིས་བོད་ནང་དུ་རང་སྲེག་གི་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་སྐོར་གྱི་དྲི་བར་ལན་འདེབས་གནང་ཡོད་འདུག་ལ། གསར་འགོད་ལྷན་ཚོགས་གྲུབ་མཚམས་སྲིད་སྐྱོང་མཆོག་ཁུལ་དེར་རྟེན་གཞི་བྱས་པའི་སི་ཝི་ཊ་ (Civita) ཞེས་རིག་པའི་སློབ་སྟོན་ཚོགས་ཆུང་ཞིག་ཡོད་པ་དེས་གདན་ཞུས་ཀྱིས། ལས་ཁུངས་སུ་ཕེབས་འབྱོར་སྐབས་བསྟི་གནས་ཁང་གི་ཚོགས་གཙོ་ལྕམ་སྐུ་ཁི་རི་སི་ཊེན་ཁི་ལེ་མེ་ཊི་ (Mrs. Kristin Clemet) མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། ལྕམ་སྐུ་མཆོག་དེ་སྔ་ནོར་ཝེའི་ཤེས་རིག་བློན་ཆེན་གནང་མྱོང་ཡོད་འདུག ལྷན་འཛོམས་སྐབས་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་མདོར་ཙམ་མ་ཟད། བཙན་བྱོལ་བོད་མིའི་གནས་སྟངས་དང་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་རྣམས་གསལ་བཤད་དང་། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སྐབས་དེར་ནོར་ཝེ་རིག་པའི་སློབ་སྟོན་ཚོགས་ཆུང་སི་ཝི་ཊ་ Civita དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ Tibet Policy Institute གཉིས་འབྱུང་འགྱུར་ལས་དོན་མཉམ་རུབ་ཐོག་སྤེལ་ཐུབ་རྒྱུའི་རེ་བ་ཡོད་སྐོར་གསུངས་ཡོད་འདུག