བརྗེད་མི་སྲིད་པའི་ལོ་རྒྱུས།

འདོན་ཐེང་སྔོན་མའི་འཕྲོས་་་་་་་་་་་་་་་་་དེ་ནས་ང་ཚོ་རང་རང་གནས་སུ་ལོག་པ་ཡིན། ད་ནི་ཕལ་ཆེར་ལམ་རིམ་གསུང་ཆོས་ལ་འགྲོ་རན་པ་ཉིན་གསུམ་ཙམ་ལས་མེད། དེ་ནས་དགོངས་མོ་དེར་ང་རང་གཅིག་པོ་ཉལ་ནས་བསམ་བློ་མང་པོ་ཞིག་འཁོར་བས་སྐབས་སུ་འགྲོ་ཁར་ཕ་མ་གཉིས་དང་ངེས་པར་དུ་ཐུག་འདོད་སྐྱེས་སོང་།

དེའི་རྒྱུ་མཚན་ནི་ང་རང་གལ་སྲིད་རྒྱ་གར་རུ་སླེབས་ཐུབ་ན་ལོ་མང་པོའི་རིང་དུ་ཕ་མ་དང་ཐུག་ཁག་པོ་ཡིན་པ་མ་ཟད་གཅིག་བྱས་ན་གཏན་ནས་མི་ཐུག་པའི་གནས་ཚུལ་ཡང་ཡོང་སྲིད་པ་ཞིག་ཡིན་པས་རེད། ཡིན་ཡང་ཡིད་སྐྱོ་དགོས་པ་ཞིག་ནི་པ་ལགས་ནི་ལས་དོན་ཛ་དྲག་ཞིག་གི་རྐྱེན་བྱས་ནས་ཉིན་ལམ་གཅིག་གི་ས་ཚིགས་སུ་ཕེབས་ཟིན་པས་ཐུག་ཁག་པོ་རེད་འདུག ཨ་མ་ལགས་ནི་འབྲོག་སར་ཡོད་པའི་ཕྱིན་ཉིན་ནམ་ལངས་པ་དང་འགྲོ་ཆོག མདོར་ན་དེའི་དགོང་མོར་བསམ་གཞིག་འདྲ་མིན་གྱི་དབང་གི་ནམ་སྨད་ཆུ་ཚོད་གཅིག་ལྷག་ཙམ་མ་གཏོགས་གཉིད་ཡང་ཁུག་ཐུབ་མ་སོང་། དེ་ནས་ཕྱི་ཉིན་ཞོག་པ་སྔ་མོ་ནས་འབྲོག་སར་བསྐྱོད་པ་ཡིན། ང་འབྲོག་སར་འབྱོར་མ་ཐག་༼ཨ་མས་དེ་རིང་གང་ཡིན་ནམ་ཨ་མིའི་བུ་གློ་བུར་ཐོག་རྒྱག་དེ་འདྲ་ལས་དོན་གང་ཡོད་དམ་ཞེས་དྲིས་སོང་།༽

ངས་ལས་དོན་དམིགས་བསལ་མེད་དེ་རིང་ཨ་ལགས་ཐུག་འདོད་བྱུང་སོང་བས་ཁ་ཐུག་ཡོང་ཚུལ་བཤད། དེ་ནས་དགོང་ཞག་གཅིག་གི་རིང་དུ་ཨ་མ་ལགས་དང་ནང་མིའི་ལྷན་དུ་སྤྱིར་བཏང་གྱི་གླེང་མོལ་གང་མང་བྱས་ནས་བསྡད་པ་ཡིན། ཕྱི་ཉིན་ངས་ཨ་མ་ལགས། དེ་རིང་ང་ལ་དོན་ཆེན་ཞིག་ཞུ་རྒྱུ་ཡོད་བྱས་པར། ཨ་མས་གང་ཡི་ནམ་དྲིས། ང་རྒྱ་གར་འགྲོ་རྒྱུའི་གྲ་སྒྲིག་ཆ་ཚང་ཟིན་པ་ཡིན། ཉིན་གཉིས་ཀྱི་རྗེས་སུ་འགྲོ་རྒྱུ་ཡིན་པས་དེ་རིང་ཨ་མ་ཁྱེད་དང་ཐུག་ཆེད་དུ་ཡོང་བ་ཡིན་བཤད་མ་ཐག་ཨ་མ་ནི་ཧོན་འཐོར་བས་ཚུལ་གྱི་ཁྱོད་རང་རྒྱ་གར་དུ་མི་འགྲོ་རྒྱུ་ཁས་བླངས་བ་མ་ཡིན་ནམ། ཡང་བསམ་བློ་འགྱུར་བ་དེ་གང་འདྲ་རེད་བཅས་གསུང་སོང་། ངས་མ་རེད་ཨ་མ་ང་འགྲོ་གི་ཡིན་ཞེས་ཨུ་ཚུགས་བྱས་ན་ང་ཚོ་ཚང་མ་མི་སྐྱིད་པའི་གནས་ཚུལ་མང་པོ་ཡོང་གྱི་འདུག་ངས་དེའི་ཕྱིར་བཤད་པ་ཙམ་ལས། ང་འགྲོ་རྒྱུ་ཐག་གཏན་ཁེལ་ཟིན་པ་ཡིན། ཁྱེད་ཀྱི་ང་ལ་འགོག་རྐྱེན་མ་གནང་རོགས། ངས་ཨ་མ་ཁྱེད་ལ་བརྩེ་བ་མེད་པ་ཁྱོན་ནས་མིན། ང་ལོ་ཤས་རྗེས་སུ་ཕྱིར་ཡོང་ངེས་ཡིན་ཞེས་འགྲེལ་བཤད་གང་མང་ཞུས་པ་ཡིན། ཉིན་དེར་ཨ་མའི་ལྷན་དུ་ཕྲུ་གུ་ཆུང་ངུ་ཁ་ཤས་ལས་མི་རྒན་པ་དག་ནི་ཞོགས་པ་སྔར་མོ་ནས་རྩྭ་ཤིང་སོགས་ལས་རིགས་འདྲ་མིན་གཉེར་ཕྱིར་ཕྱོགས་སོ་སོར་བསྐྱོད་ཟིན་པས་སྔར་བཞིན་མི་གཞན་རོགས་རམ་བཙལ་ཐབས་མེད་པའི་གནས་སུ་གྱར།  ངས་ཨ་མ་ལ་འགྲེལ་བཤད་མང་པོ་ཞུས་ཟིན་མཐར་ཨ་མའི་འོ་ན་ལམ་གྲོན་དངུལ་དངོས་སོགས་གང་ཡང་འཆར་གཞི་མེད་པས་གནས་སྐབས་རིང་ཕྱིར་འཐེན་དགོས། དེ་ནས་དངུལ་གྲ་འགྲིག་སོང་ན་ཁྱེད་ཀྱིས་འདོད་མོས་བཞིན་བྱེད་ཆོག་གསུང་སོང་། ངས་དངུལ་གྲི་སྒྲིག་ཟིན་པ་ཡིན་ད་ནི་སང་ཉིན་ནས་འགྲོ་རན་ཚུལ་བཤད་པ་ཡིན། དེ་ནས་ཨ་མའི་ཁྱེད་ལ་རོགས་པ་མེད་པར་ང་ཚོས་ཁྱོད་རང་གང་འདྲ་སེ་གཏོང་དགོས་རེད་བཅས་གསུང་སོང་། ངས་ང་ལ་རོགས་པ་གྲོགས་པོ་དབང་འདུས་ལགས་ཡོད་བཅས་བཤད་པ་ཡིན། དབང་འདུས་ལགས་ནི་མི་སྤྱང་གྲུང་ལྡན་པ་དང་མི་གཞི་ཡག་པོ་ཡོད་པས་ཨ་མས་ཀྱང་བློ་བདེ་བའི་རྣམ་འགྱུར་བསྟན་སོང་། དེ་ནས་ཨ་མའི་ང་བཤོལ་ཐབས་མེད་པ་ཤེས་དུས་མིག་ཆུ་དང་ལྷན་དུ་བུ་ཁྱེད་རང་ལོ་གཉིས་རེའི་ནང་དུ་ཨ་མ་ཐུག་ཆེད་དུ་ལན་རེ་ངེས་པར་དུ་ཡོང་དགོས་གསུང་བཞིན་ང་ལ་འཐམ་ནས་བཤད། ངས་ཀྱང་དེ་ལྟར་འགྲིག་ཚུལ་ཞུས་་་་་་་་་་་་་་་་་་མུར་འགོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་