གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་སྲུང་བརྩི།

2013_5_17 _2

ཉིན་མོ་འདི་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་སྲུང་བརྩི་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པ་ལྟར། དེ་རིང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་ཀྱི་ལོ་རྒྱུས་དང་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་གྱི་པར་རིས་འགྲེམས་སྟོན་བྱས་ནས་ཉིན་མོ་འདི་སྲུང་བརྩི་བྱེད་ཀྱི་འདུག

དེ་ཡང་ཉིན་འདི་རྒྱ་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙོན་འཇུག་བྱས་པའི་ཉིན་མོར་ཁེལ་ཡོད་པས། ཉིན་འདི་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་སྲུང་བརྩི་བྱ་རྒྱུ་ཡིན་ཞེས་བཀའ་སྤྱི་གཉིས་ཀྱིོས་གསལ་བསྒྲགས་སྔོན་སོང་ལྟར། ཟླ་འདིའི་ཕྱི་ཚེས་༡༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པའི་སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་གི་ཆོས་རྭའི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་ཉིན་གཅིག་རིང་བོད་ཀྱི་ལོ་རྒྱུས་དང་། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་གྱི་པར་རིས་འགྲེམས་སྟོན་བྱས་ཏེ་ཉིན་མོ་འདི་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་བོར་སྲུང་བརྩི་བྱེད་ཀྱི་འདུག

3013_5_17_1གསར་འགོད་པས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་སུ། དེ་རིང་གི་འགྲེམས་སྟོན་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱས་པར། ཁོང་གིས་དེ་རིང་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་འདིར་ང་ཚོས་པར་རིས་སྟོན་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་དེ། དྷ་སར་བོད་མི་གཅིག་པུ་མ་ཡིན་པར་རྒྱ་གར་གཙོས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་ཡོང་གི་ཡོད་པར་བརྟེན། ཁོང་ཚོར་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་མ་དེ་ངོ་སྤྲོད་ཡོང་ཆེད་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཡོང་ཆེད་འགྲེམས་སྟོན་འདི་གོ་སྒྲིག་བྱས་པ་ཡིན་ཞེས་བརྗོད་བྱུང་།

ཡང་ཁོང་གིས་ཐེངས་འདིའི་འགྲེམས་སྟོན་འདིར་བརྗོད་གཞི་མི་འདྲ་བ་ཁག་གསུམ་ཡོད་རེད། དང་པོ་དེ་བོད་ནང་གི་རང་ལུས་མེར་སྲེག་གི་སྐོར་དང་། གཉིས་པ་དེ་བོད་ཀྱི་ལོ་རྒྱུས་ཀྱི་སྐོར། གསུམ་པ་དེ་རྒྱ་གཞུང་གིོས་བོད་ལ་བཙན་འཛུལ་བྱས་རྗེས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ཆགས་ཡོད་ཅེས་དང་། དེ་བཞིན་ཁོང་གིས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ནམ་རྒྱུན་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཁྲོད། བོད་ཀྱི་ལོ་རྒྱུས་དང་བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ངོ་སྤྲོད་ཆེད་པར་རིས་འགྲེམས་སྟོན་བྱེད་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་དགོང་དྲོའི་ཆུ་ཚོད་༤ པའི་སྟེང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་མི་རིགས་དང་རང་དབང་གི་ཆེད་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་འཚོག་རྒྱུ་ཡིན་རེད་འདུག་ལ། མཆོད་འབུལ་སྨོན་ལམ་གྲུབ་མཚམས་གཙུག་ལག་ཁང་གི་ཆོས་རྭའི་ནང་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཏེ། བཀའ་སྤྱི་གཉིས་ཀྱིས་གསུང་བཤད་གནང་དང། དེ་བཞིན་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་གཙང་ཕྲུག་སྟོབས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་མཆོག་གི་མཛད་རྣམ་དང་གནས་སྟངས་ངོ་སྤྲོད་གནང་རྗེས། བོད་ཀྱི་ཟློས་གར་ཚོགས་པའམ་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ་གང་རུང་ནས་གཏམ་བརྗོད་ཟློས་གར་དང་གཞས་སྣ་ཁག་ཅིག་འཁྲབ་སྟོན་གནང་རྒྱུ་རེད་འདུག