སུད་སི་རུ་རྒྱ་ནག་གཞུང་ཚབ་ལ་བོད་མིའི་ངོ་རྒོལ།

mmexport1368872308291སུད་སི་ཛུ་རིག་གྲོང་ཁྱེར་དུ་པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གིས་འཇུ་བཟུང་བཙན་ཁྲིད་ཀྱི་ཉིན་མོ་སྟེ། རྒྱལ་སྤྱིའི་བོད་མིའི་གདུང་མཉམ་བསྐྱེད་ཉིན་མོར་བོད་མི་ཉིས་བརྒྱ་ལྷག་གིས་སུད་སིའི་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་ ༡༧ ཉིན་གྱི་དགོང་དྲོ་ཆུ་ཚོད་བདུན་པ་ཙམ་ལ་སུད་སི་དང་ལེག་ཐེན་སི་ཀྲ་ཡེན་བོད་རིགས་ཚོགས་པས་རྒྱ་ནག་གཞུང་ཚབ་ཁང་ལ་མི་མང་གིས་ངོ་རྒོལ་སྐད་འབོད་ཞིག་གོ་སྒྲིག་བྱས་པའི་ཐོག  སུད་སི་རི་ཀོན་པའི་དགོན་པའི་མཁན་པོ་དང་།  ཇི་ནི་ཝའི་སྐུ་ཚབ་དོན་གཅོད།  ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་འཐུས་ཚབ། ས་གནས་བུད་མེད་ཚོགས་པའི་འཐུས་ཚབ། སུད་སི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་བོད་རིགས་མི་མང་ཉིས་བརྒྱ་ལ་ཉེ་བ་ཐེངས་འདིའི་གྲོང་ཁྱེར་ཁྲོམ་སྐོར་དང་། རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ལ་ཞུགས་ཡོད་པ་དང་། རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་ཆུ་ཚོད་གཅིག་ལྷག་གི་རིང་༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པ་དང་། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ།  གསར་འགོད་པ་བོད་དུ་འགྲོ་འཇུག་དགོས་པ་སོགས་ས་གནས་གཞུང་འབྲེལ་བོད་རིགས་འཐུས་ཚོགས་ནས་གཏན་འབེབས་གནང་བའི་འབོད་ཚིག་ཁག་གཞི་ལ་བཞག་ནས་ངོ་རྒོལ་སྐད་འབོད་དང་།  དེ་བཞིན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། རི་ཀོན་དགོན་པའི་མཁན་པོ་རྣམ་གཉིས་ནས་རྒྱ་ནག་གཞུང་ཚབ་ཁང་གི་སྦྲག་ཡིག་འཇོག་ཁང་དུ་སྙན་ཞུ་བསྐྱལ་ཡོད་པ་རེད། ད་ཐེངས་སྙན་ཞུའི་ནང་པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པ་སོགས་ཀྱི་ནང་དོན་འཁོད་ཡོད་འདུག

དེ་བཞིན་ཉིན་འདིར་བོད་རིགས་མི་གྲངས་དགུ་བཅུ་ལ་ཉེ་བས་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་སྐད་འབོད་ཁྲོམ་སྐོར་ལས་འགུལ་ཞིག་ཀྱང་སྤེལ་ཡོད་སྐོར་སུད་སི་བོད་རིགས་མི་མང་གི་ཚོགས་གཞོན་ནས་འགྲེལ་བརྗོད་གནང་སོང་།   ཐེངས་འདིའི་ལས་འགུལ་སྐབས་རྐང་འཁོར་རྒྱང་བསྐྱོད་ཀྱི་བོད་དོན་ལས་འགུལ་བ་རྔ་བ་རིན་པོ་ཡུ་རོབ་རྒྱལ་ཁབ་གསུམ་ནང་བསྐོར་བསྐྱོད་གྲུབ་ནས།  rinbo_2013_5_17ད་ཐེངས་སུད་སི་བོད་མིའི་ངོ་རྒོལ་ལས་འགུལ་འདིའི་ནང་ཞུགས་འདུག་པས།  ཁོང་ལ་ངོ་རྒོལ་ལས་འགུལ་འདིར་མཐོང་ཚུལ་གང་འདྲ་བྱུང་བཀའ་འདྲི་ཞུས་པར། ཁོང་གིས། སྤྱིར་ཡིན་ན་བོད་མི་སུ་ཡིན་ན་བོད་དོན་ལས་འགུལ་གང་ཐུབ་ཀྱིས་སྤེལ་དགོས་པ་ཞིག་རེད། ད་ཐེངས་ངོ་རྒོལ་སྐད་འབོད་ནང་མཉམ་ཞུགས་གནང་བའི་བོད་མི་ཚོར་མཚོན་ནའང་འགན་འཁྱེར་གྱི་ཡོད་པས་ཡག་པོ་རེད། ཡང་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་མེད་མཁན་ཚོར་མཚོན་ན་ཡག་པོ་མ་རེད་ཞུ་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། ང་རང་གིས་ཤེས་པ་དང་མ་ཤེས་པའི་བོད་དོན་ལས་འགུལ་མངོན་ལྐོག་མང་པོ་ཞིག་ཡོད་བསྡད་པ་རེད། གང་ལྟར་བོད་མི་ཚང་མས་རང་ངོས་ནས་བྱེད་ཐུབ་པའི་བོད་དོན་ལས་འགུལ་གནང་དགོས་པ་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་སོང་།

སུད་སི་རྒྱལ་ཁབ་འདིར་བོད་མི་སྐྱབས་བཅོལ་བ་ལྔ་སྟོང་ལ་ཉེ་བ་ཡོད་པར་བརྗོད་ཀྱི་ཡོད་པ་དང་།  རྫོང་ཁག་སོ་སོའི་འོག་ཏུ་བོད་མི་ཚོས་ས་གནས་ཕལ་ཆེ་བར་བོད་རིགས་ཚོགས་པ་བཙུགས་ཡོད་པ་དང་།  སུད་སི་དང་ལེག་ཐེན་སི་ཀྲ་ཡེན་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་རྒྱུན་ལས་རྣམས་ས་གནས་བོད་རིགས་ཚོགས་པ་ཁག་གི་འཐུས་མིས་འོས་འདེམས་བྱས་པ་ལས་གྲུབ་ཡོད་པ་རེད། །

སུད་སི་བང་ཆེན་གསར་འགོད་པ་འཇིགས་བྲལ་ནས།

mmexport1368872308291

mmexport13688723082912