བརྗེད་མི་སྲིད་པའི་ལོ་རྒྱུས།

འདོན་ཐེང་སྔོན་མའི་འཕྲོས་་་་་་ཉིན་དེའི་དགོང་མོར་ང་རང་རྣམ་ཀུན་འདུག་གནས་ དགོན་ཆུང་དེའི་ནང་དུ་འགྲོ་དགོས་པ་དང་སང་ཉིན་ནས་གསུང་ཆོས་ལ་ཕེབས་མཁན་ཚོ་དང་ ལྷན་དུ་འགྲོ་རན་པ་ཡིན། དེ་ནས་ཉིན་རྒྱབ་ཆུ་ཚོད་གསུམ་པ་ཙམ་དུ་ངེད་མ་སྨད་གཉིས་པོའི་ངོ་གདོང་མཆི་མས་ཁེངས་བཞིན་ཕན་ཚུན་འབྲལ་མི་ཕོད་པའི་ཡིད་ཀྱི་སྐྱོ་གདུང་བ་དྲག་པོ་དེ་ནི་ད་དུང་ངས་སེམས་སུ་ཤར་དུས་མིག་ཆུ་ཤོར་གྱི་འདུག་ལ། ལྷག་པར་དུ་ཡང་དེ་རིང་ངས་ཡི་གེ་འབྲི་སྐབས་ངོ་གདོང་མཆི་མས་བརླན་བཞིན་འབྲི་དགོས་བྱུང་།

དེ་ནས་ང་རང་ལམ་དུ་དངོས་སུ་ཆས་སྐབས་དྲིན་ཆེན་མ་ལོས་ང་ལ་སྨོན་ལམ་དང་ཤིས་ཚིག་སྐད་ཤུགས་མཐོན་པོའི་སྒོ་ནས་ཆེས་ཆུང་ངུའི་དུས་ནས་འཚོལ་གནས་བྱེད་ཡུལ་འབྲོག་འཁྱིམ་དེ་ནས་ལེབ་དབར་གཅིག་ཙམ་བར་དུ་སྐྱེལ་མ་གནང་སོང་། ཉིན་དེ་ནི་གོང་ཞུས་བཞིན་ནང་མི་རྒན་པ་ཚོ་ནི་རང་རང་གིས་ལས་གནས་སུ་ཕྱིན་ཟིན་ནས་མེད་པས་ངེད་མ་སྨད་གཉིས་དང་ངའི་སྲིང་མོ་ལོ་ན་བཞི་ཡས་མས་ལོན་པ་གཅིག་དང་།  ཕྱིང་ཁུག་ནང་དུ་ཡོད་པའི་ངའི་སྤུན་ཆུང་ཞིག ད་དུང་ཕྲུ་གུ་ཆུང་ངུ་ཁ་ཤས་ལས་མེད། དེ་ནས་ལེབ་དབར་གཅིག་ཙམ་གྱི་ས་ཚིགས་དེ་ནས་ང་རང་གཅིག་པུ་སྔོན་ཨ་མ་ལགས་དང་ཁ་བྲལ་སྟེ་ཡོང་དུས་ཨ་མས་སླར་ཡང་ངུ་སྐད་ཆེན་པོའི་སྒོ་ནས་སྐྱབས་གནས་དཀོན་མཆོག་གསུམ་པོ་མཁྱེན་ནོ། ང་ཡི་བུ་ལ་ནམ་ཡང་རྐྱེན་ངན་བར་ཆད་མ་ཡོང་བ་ཤོག ངེད་མ་བུ་གཉིས་སླར་ཡང་གང་མགྱོགས་ཐུབ་རྒྱུ་ཡོང་བ་ཤོག་ཅིག་སོགས་སྨོན་ལམ་མང་པོ་འདེབས་བཞིན་ང་ཡིས་སྐེ་ནས་ལག་གཉིས་ཀྱིས་དམ་པོར་འཇུས་བཞིན་སྐར་མ་བཅུ་ཙམ་རིང་དུ་ཨ་མས་ང་ཁྱོན་ནས་བཏང་མ་སོང་། སྐབས་དེ་དུས་བདག་ལ་མཚོན་ན་བརྗོད་མི་ཤེས་པའི་ཚོར་སྣང་དེ་ནི་ཕྱི་དྲན་རེ་བྱེད་དུས་ངོ་མ་ཅི་འདྲའི་སྙིང་ན་བྱེད་ཞིག་རེད། ངས་ཨ་མའི་ཞལ་རས་ལ་ཞིབ་མཇལ་ཞིག་བྱས་དུས་ཞལ་རས་ཀྱི་གཉེར་མ་རྣམས་བང་རིམ་སྒྲིག་ནས་ཡོད་པ་དང་། ད་དུང་དབུ་སྐྲ་ཡང་དཀར་ནག་གཉིས་མང་ཉུང་དབྱེ་དཀའ་ཚོད་དུ་འདུག་པ་མ་ཟད་སྤྱན་ཟུང་ནས་འབབ་པའི་ཤེལ་དཀར་འཕྲེང་བ་ལྟ་བུའི་ཆུ་ཐིག་དག་གིས་ཞལ་རས་ཡོངས་སུ་བརླན་པ་གྱུར་འདུག ངས་དེ་དག་མཇལ་མ་ཐག་བཟོད་མི་ཐུབ་པའི་ཚོར་ཤུགས་ཀྱིས་དབང་གི་མི་ཆུ་རང་དབང་མེད་པ་ཤོར་སོང་། དེ་ནས་ངུ་ངག་གི་ལམ་ནས་ཨ་མ་ལགས་ལ་འདི་ལྟར་ཞུས། གཅིག་བྱས་ན་ང་རྒྱ་གར་ལ་འགྲོ་མིན་དེ་ཡང་བསྐྱར་བསམ་བློ་གཏང་དགོས་ཡོད། ལྷ་སར་འབྱོར་རྗེས་ལན་ཁ་གསལ་འཕུལ་ཆོག གལ་སྲིད་ལམ་བར་དུ་བགྲོད་དཀའ་བའི་གནས་ཚུལ་འདུག་ན་དབུས་ཀྱི་གདན་ས་ཁག་གི་གཙོས་གནས་མཇལ་གྲུབ་མཚམས་གང་མགྱོགས་རང་ཡུལ་དུ་ཡོང་ཆོག་བཤད་པ་ཡིན། དེ་ནས་ང་རང་གཅིག་པུ་ལམ་དུ་ཞུགས་ནས་ཡོང་བ་ཡིན། ཕལ་ཆེར་ལེབ་དབར་ཕྱེད་ཙམ་སླེབས་རྗེས་སུ་ཕྱིར་མིག་གཅིག་བལྟས་སྐབས་ཨ་མ་ནི་མོ་རང་གཅིག་པུ་ད་བཟོད་ངེད་མ་བུ་གཉིས་ཐོག་མར་ཁ་བྲལ་སའི་གནས་དེ་ནས་ང་ལ་གཟིགས་བཞིན་སྐད་ཤུགས་ཆེན་པོའི་སྒོ་ནས་སྨོན་རྒྱག་བཞིན་བསྡད་འདུག ང་ནི་གོམ་པ་བཅུ་ཙམ་བགྲོད་རྗེས་ངེད་མ་སྨད་གཉིས་ཀའི་ཕན་ཚུན་མཐོང་མི་ཐུབ་པའི་ས་གནས་གཅིག་ལ་སླེབས་ཟིན། དེ་ནས་ངས་མགྱོགས་པོར་གོམ་པ་བཅུ་ཙམ་དེ་རྒལ་ཐབས་བྱས་ནས་ཨ་མས་མཐོང་མི་ཐུབ་པའི་ས་ཁུག་དེར་བསྡད་ནས་ཆུ་ཚོད་ཕྱེད་ཙམ་རིང་དུ་ངུས་ནས་བསྡད་པ་ཡིན་་་་་་་་་་་་་་་་མུར་འགོད་་་་་་