མང་གཙོའི་སྒྲིག་འཛུགས་ནང་གཏམ་བརྗོད་རང་དབང་ལ་ཚད་བཀག་དང་གནོན་ཤུགས་མ་རེད་དམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༤༢༩ ཕྱི་ལོ་༢༠༡༣།༣།༡༣ འཁོད་པའི་ནང་(ས་གནས་མི་མང་དང་ལས་བྱེད་སྒེར་ལ་མཐོང་ཆུང་ག་ལ་ཡིན་)ཟེར་བའི་ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པས་ང་ལ་སྐྱོན་བརྗོད་དང་ཉེན་བརྡའི་རྩོམ་ཡིག་དེ་མཐོང་སྐབས་ང་གད་མོ་ཤོར་བྱུང་། “གཏམ་དྲིས་ན་མི་བཤད་བསྒུག་ན་ཐོན། རྫུན་གྱི་མཐའ་མ་ལྕགས་ཡིན་ཡང་རྡོལ་”ཟེར་བའི་དཔེ་ལྟར། དོན་དངོས་སུ་མི་མང་ནང་དཀྲུག་ཤིང་རྒྱག་མཁན་དང་སྤྱི་ཚོགས་བདེ་འཇགས་ལ་འགན་ཁུར་མི་ལེན་པར་གཏོར་བཤིག་གཏོང་མཁན་དང། དབུས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་མེད་མཁན་སོགས་ངེད་གཉིས་སུ་རེད་འདུག

བློ་གཟུ་བོར་གནས་པའི་གསར་ཤོག་ཀློག་མཁན་རྣམས་ནས་གསལ་པོ་མཁྱེན་ཐུབ་པ་ནི་དེ་སྔོན་ཁྱོད་ཀྱི་རྩོམ་ཡིག། “བཙན་བྱོལ་བོད་པའི་ཁྲིམས་ལུགས་ནུས་མེད་”ཟེར་བ་དེ་དང། ཉེ་ལམ་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༤༣༡།༣།༢༧ འཁོད་པའི་ནང་། ཁྱོད་ཀྱི་རྩོམ་ཡིག་“རྒྱ་ཡིག་ཉམས་ཞིབ་སྡེ་ཚན་ཞིག་དགོས་གལ་ཆེ་”ཟེར་བའི་ནང། ད་བར་བོད་དོན་ཐད་ཞབས་ཞུ་ཞུ་མཁན་ཉིན་མོའི་སྐར་མ་ཇི་བཞིན་ཉུང་ཉུང་རེད། དེ་ནི་ཁོང་ཚོ་རང་ཉིད་ཀྱི་འདོད་ཕྱོགས་དང་ཤེས་ཚད་དང་རན་པའི་ཁོར་ཡུག་ཅིག་མེད་པ་དང་ཁོང་ཚོར་བོད་མིའི་སྒྲིག་འཛུགས་ཀྱིས་ཆེ་མཐོང་མ་སྤྲད་པ་ཡིན་པས། དེང་སང་དེའི་རིགས་ཀྱི་ན་གཞོན་མང་པོ་རྒྱ་གར་ཚོང་ལས་སྡེ་ཚན་ཁག་དང་བཟོ་གྲྭ་ཁག་གིས་བདག་པོ་བརྒྱབ་བསྡད་ཡོད་པ་རེད་ཟེར་བ་ནས། དབུས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་མེད་མཁན་དང་གཞུང་མང་བར་དཀྲུག་ཤིང་རྒྱག་མཁན། སྤྱི་ཚོགས་བདེ་འཇགས་ལ་འགན་མི་ལེན་པར་གཏོར་བཤིག་གཏོང་མཁན་ངོ་མ་དེ་སུ་རེད་འདུག དེ་ནས་གསལ་པོ་ངོ་འཕྲོད་ཐུབ་རྒྱུ་དང་སྔ་མོ་བོད་ཀྱི་གཏམ་དཔེ་ལ། “གཏམ་ཨ་ཕས་མ་བཤད་ཨ་མས་བཤད། ཁྱི་བདག་པོས་མ་བཀག་མགྲོན་པོས་བཀག་”ཟེར་བའི་དཔེ་ལྟར་ས་གནས་མི་མང་གི་འཚོ་བའི་ལས་གཞི་དང་འབྲེལ་བའི་ངའི་དཔྱད་རྩོམ་ལ་འབྲེལ་ཆགས་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་སྡེ་ཚན། ཀོ་ལི་གྷལ་གཞིས་ཆགས་ས་གནས་མི་མང་དང་ས་གནས་འགོ་འཛིན་སོགས་ནས། ང་ལ་བཟང་ངན་གྱི་བརྡ་ལན་མ་ཕེབས་སྔོན་དུ་ཁྱོད་ཀྱིས་ཀོ་ལི་གྷལ་གཞིས་ཆགས་ས་གནས་མི་མང་གི་འཚོ་བའི་ལས་གཞི་དང་དབུས་བོད་མིའི་སྒྲིག་འཛུགས། དེ་བཞིན་སྤྱི་ཚོགས་བདེ་འཇགས་སོགས་ལ་ལྷག་བསམ་དང་བརྩེ་ཞེན་ཆེན་པོའི་མ་བསྐུལ་དྭངས་བླང་གི་འགན་ཁུར་ལ་བསྔགས་བརྗོད་ཞུ་འདོད་བྱུང་ལ། གཅིག་བྱས་ན་ཁྱོད་རང་ཁྲིམས་ལུགས་ཁྱད་ལས་པ་ཞིག་ཡིན་པའི་ཆ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་དུ་གླས་པའི་མགྲིན་ཚབ་པ་ཞིག་ཀྱང་ཡིན་སྲིད། ཁྱོད་ཀྱི་རྩོམ་ཡིག་ཞིབ་ཏུ་ཀློག་སྐབས་གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་གཏམ་བརྗོད་རང་དབང་དང་དཔྱད་རྩོམ་རང་དབང་སོགས་འབུར་འཇོམས་གཏོང་རྒྱུའི་ནུས་ལྡན་གྱི་འཆར་གཞི་ཚད་ལྡན་ཞིག་ཀྱང་ཡོད་སྲིད། ཡི་གེ་འབྲི་ཀློག་ཤེས་པ་ཙམ་གྱིས་མི་ཆོག་པར་སྐད་ཆ་ཤོད་མི་ཆོག་པའི་ཁྲིམས་ལུགས་གང་གི་ནང་དུ་གསལ་ཡོད་པ་དེ་ཡང་གསལ་སྟོན་དགོས་པ་དང་། རྒྱ་གཞུང་གིས་བོད་ནང་དུ་གཏམ་བརྗོད་རང་དབང་དང་རྩོམ་འབྲི་རང་དབང་སོགས་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ལ་ཚད་བཀག་དང་གནོན་ཤུགས་སྤྲོད་བཞིན་པའི་རྗེས་སུ་ང་ཚོ་བཙན་བྱོལ་དུ་ཡོད་པའི་རྗེས་སུ་བོད་མི་ཚོ་ཡང་འབྲང་དགོས་ཀྱི་ཡོད་པ་ཡིན་ནམ།

ཉེ་ལམ་བོད་ཀྱི་དུས་བབ་གསར་ཁང་ལ་སྤྱི་འཐུས་རྒྱུན་ལས་ནས་ཚད་བཀག་བཏང་བ་ཞིག་ཀྱང་མཐོང་བྱུང་ལ་འདི་ལོ་གསུམ་དུས་ཐེངས་༥༤ པའི་སྤྱི་འཐུས་ཀྱི་གསུང་བཤད་ནང་དུ་ཡང་འགན་ཁུར་མེད་པའི་གཏམ་བཤད་དང་རྩོམ་ཡིག་ཁྱབ་སྤེལ་མི་བྱ་བའི་སྐོར་བཀའ་ཕེབས་འདུག་ལ། ད་ལམ་ཁྱོད་ཀྱིས་ང་ལ་སྐྱོན་འཛུགས་དང་ཉེན་བརྡའི་རྩོམ་ཡིག་སོགས་ལ་ཞིབ་ཏུ་དཔྱད་སྐབས། བཙན་བྱོལ་སྤྱི་ཚོགས་ནང་གཏམ་བརྗོད་རང་དབང་དང་། དཔྱད་རྩོམ་རང་དབང། གསར་འགོད་རང་དབང་སོགས་འབུར་འཇོམས་གཏོང་རྒྱུའི་ཚད་བཀག་དང་གནོན་ཤུགས་ཤིག་ཡིན་ཚེ་དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་གི་དོན་ཚན་དང་པོ་དང་བཅུ་དགུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གཉིས་པའི་ནང་གསེས་གཉིས་པ་དང་བཞི་པ་བཅས་ཀྱི་འབྲུ་དོན་ལ་འགན་ཁུར་མ་བཞེས་པའི་གསུང་བཤད་དང་ཚད་བཀག་ཉེན་བརྡའི་རྩོམ་ཡིག་སོགས་ལ་ངོས་འཛིན་དང་བཅས། གལ་སྲིད་བཙན་བྱོལ་སྤྱི་ཚོགས་ནང་འགན་ཁུར་མེད་པའི་གཏམ་བཤད་དང་གང་བྱུང་དུ་རྩོམ་ཡིག་སྤེལ་ཆོག་གི་མེད་ན། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་འགན་ཁུར་ཡོད་པའི་སྐད་ཆ་གང་ཡིན་དང་མིན་པ་གང་ཡིན། སྤེལ་ཆོག་པའི་རྩོམ་ཡིག་གང་ཡིན་དང་མིན་པ་གང་ཡིན། སྐད་ཆ་ཤོད་ཆོག་པ་དང་མི་ཆོག་པ་གང་ཡིན་གྱི་ས་མཚམས་གསལ་པོར་འཁོད་པའི་ཁྲིམས་ལུགས་སམ་སྒྲིག་གཞི་གཏན་འབེབས་ཤིག་བཟོ་དགོས་པ་དེ་ཁྲིམས་བཟོའི་ལས་འགན་ངོ་མ་དེ་ཡིན་པ་ལས། གསུང་བཤད་དང་གཏམ་བཤད་བརྒྱུད་ནས་ཁྲིམས་བཟོའི་ལས་དོན་ནམ་ཡང་འགྲུབ་མི་ཐུབ།

མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ཏུ་ཁ་ཕྱོགས་མི་ཐུབ་པ་དེའང་གསལ་པོར་མཁྱེན་དགོས། ས་གནས་མི་མང་དང་ལས་བྱེད་སྒེར་ལ་མཐོང་ཆུང་དང་གཞུང་གྲོན་བསྲི་ཚགས་སོགས་ཡིན་མིན་དེ་འབྲེལ་ཡོད་དབུས་བོད་མིའི་སྒྲིག་འཛུགས་སྡེ་ཚན་དང། ཀོ་ལི་གྷལ་གཞིས་ཆགས་ས་གནས་མི་མང་དང་ས་གནས་འགོ་འཛིན་ཟུར་པ་བཅས་ནས་ངོས་འཛིན་དང་ཐག་གཅོད་གནང་དགོས་པ་ལས། ས་གནས་མི་མང་གི་འཚོ་བའི་ལས་གཞི་ལ་རྒྱུས་མངའ་སྤུ་ཙམ་མེད་པའི་ཕྱོགས་གཞན་པ་ཞིག་གིས་རི་བསྐོར་མཚོ་དཀྲུགས་བྱས་ནས་མི་བདེན་རྫུན་སྒྲིག་གི་སྐད་ཆ་རིང་ཙམ་ཐུང་ཙམ་ག་ཚོད་བཤད་ཀྱང་། དཀར་པོ་དེ་ནག་པོ་བཟོ་མི་ཐུབ་པ་མ་ཟད། དོན་དངོས་དང་མི་མཐུན་པ་ཞིག་ཁྲིམས་མཐུན་ཅན་དུ་དུས་ནམ་ཡང་བསྒྱུར་མི་ཐུབ། ཁྱོད་ཀྱིས་དཀར་ནག་གོ་ལྡོག་དང་མི་བདེན་རྫུན་སྒྲིག་གི་སྐད་ཆ་དེ་ནི་རྒྱ་མིས་བོད་ནང་དུ་ནག་མེད་ཉེས་འཛུགས་ཀྱི་ཞྭ་མོ་གཡོགས་པ་བཞིན། གཡོན་ཐལ་ཅན་གྱི་ཁྲིམས་ལུགས་རག་པ་ཞིག་ལ་སློབ་སྦྱོང་གནང་གི་ཡོད་ཚེ། ཁྱོད་རང་ཉིད་ཙམ་མ་ཡིན་པར་སློབ་ཡོན་གནང་མཁན་གྱི་སྦྱིན་བདག་གམ་སྒྲིག་འཛུགས་དེའང་ཁྲིམས་མཐུན་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་པ་དེ་ཡང་གསལ་པོ་མཁྱེན་དགོས་པ་བཅས། འདས་པའི་མི་ལོ་༥༤ ལྷག་ཙམ་རིང་ང་ཚོས་བོད་ནང་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་གཏམ་བརྗོད་རང་དབང། རྩོམ་འབྲི་རང་དབང་། གསར་འགོད་རང་དབང་མེད་པ་སོགས་འཛམ་གླིང་དང་རྒྱལ་སྤྱིར་ལོ་ནས་ལོ་བསྟུན་ཏེ། བདེ་སྡུག་གི་ཞུ་འབོད་གནམ་ས་གང་བ་དང་། ཞུ་སྙན་གྱི་ཡིག་ཆ་གླང་ཆེན་གྱི་རྒྱབ་སྒལ་ལོངས་པ་དེ་དག་ད་ཆ་ང་ཚོ་རང་ཉིད་མང་གཙོ་ལ་ཁ་ཕྱོགས་ནས་གྲལ་རིམ་གཅིག་བསྡུད་ཀྱི་རྗེས་སུ་འབྲང་སྟེ་མཇུག་བསྡོམས་རྒྱག་གི་ཡོད་པ་མ་རེད་དམ།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས། ༢༠༡༣།༥།༨ ལ།