ཨ་རིར་རླུང་འཚུབ་ཀྱི་གོད་ཆག
ཟླ་འདིའི་ཕྱི་ཚེས་༢༠ ཉིན་ཨ་རིའི་དབུས་མངའ་སྡེ་ Oklahoma ནང་རླུང་འཚུབ་དྲག་པོ་ཞིག་བརྒྱབ་སྟེ། ཉུང་མཐར་མི་གྲངས ༩༡ རྐྱེན་ལམ་དུ་བཏང་ཡོད་འདུག་ལ། དེ་བཞིིན་མི་༢༤༠ ལྷག་ལ་རྨས་སྐྱོན་དང་སློབ་གྲྭ་དང་སྡོད་ཁང་མང་པོ་གཏོེར་བཤིགས་བཏང་སྟེ་མངའ་སྡེ་དེའི་མི་མང་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རང་བྱུང་གི་གོད་ཆག་དེ་བྱུང་མ་ཐག་ཨ་རིའི་སྲིད་འཛིན་ཨོ་བྷ་མས་མངའ་སྡེ་ཨོ་གོ་ཧོ་མར་Oklahoma རླུང་འཚུབ་ཀྱི་གོད་ཆག་བྱུང་སྟེ་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་པ་གསལ་བསྒྲགས་དང་འབྲེལ། གནོད་འཚེ་ཕོག་ཡུལ་གྱི་མི་མང་ཚོ་ཁེར་རྐྱང་མིན་པར་ཨ་རིའི་གཞུང་དང་མི་མང་ཚང་མ་ཁྱེད་རང་ཚོའི་རྒྱབ་ཏུ་ཡོད་སྐོར་བརྗོད་དེ་གོད་ཆག་ཕོག་ཡུལ་གྱི་ཡུལ་མི་ཚོར་རོགས་རམ་གནང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།
དེ་བཞིན་ཁོང་གིས་ཐེངས་འདིའི་གོད་ཆག་གིས་གཏོར་བཤིགས་བཏང་བའི་སློབ་གྲྭ་དང་སྡོད་ཁང་སོགས་མགྱོགས་པོར་བསྐྱར་གསོ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད་ལ། ཨ་རིའི་དབུས་ལས་དོན་ལྷན་ཁང་གི་གཙོ་འཛིན་རླུང་འཚུབ་ཕོག་ཡུལ་གྱི་ས་ཁུལ་དེར་བསྐྱོད་དེ་དབུས་གཞུང་གིས་རོགས་རམ་བྱེད་ཕྱོགས་ལ་ཞིབ་འཇུག་དང་འབྲེལ། ཨ་རིའི་གཞུང་གིས་གནོད་འཚེ་ཕོག་ཡུལ་གྱི་མི་མང་ཚོར་གདུང་སེམས་མཉམ་བསྐྱེད་དང་རོགས་རམ་གནང་ཡོད་པ་རེད།


