རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ལོ་འཁོར་སྙན་ཐོ།

110720093736_jp_amnesty304x171_nocreditའགྲོ་བ་མིའི་ཐོབ་ཐོང་གི་སྒྲིག་འཛུགས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ལོ་འཁོར་སྙན་ཐོ་ཞིག་སྤེལ་ཡོད་པའི་ནང་། རྒྱ་ནག་སྲིད་གཞུང་གིས་ཆབ་སྲིད་ལས་འགུལ་མི་སྣ་དང་མང་གཙོ་དོན་གཉེར་བ། དྲ་ཐོག་ཏུ་གཞུང་དང་ལྟ་བ་མི་མཐུན་པའི་བསམ་ཚུལ་སྤེལ་མཁན་རྣམས་ལ་སྔར་བཞིན་སྟངས་འཛིན་ནན་མོ་བྱེད་བཞིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

དེའང་ཟླ་འདིའི་ཕྱི་ཚེས་༢༢ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྤེལ་བའི་ལོ་འཁོར་སྙན་ཐོའི་ནང་གི་རྒྱ་ནག་སྐོར་གྱི་འབྲེལ་ཡོད་དོན་ཚན་ནང་འཁོད་དོན། ཕྱི་ཟླ་༡༡ པའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་འགོ་ཁྲིད་བརྗེ་སྤོས་མ་བྱས་པའི་སྔོན། ཉུང་མཐའ་ཡང་མི་༡༣༠ ཙམ་བཀག་སྐྱིལ་དང་ཉེན་བརྡ་བཏང་བ། དེ་བཞིན་མི་མང་འདུ་འཛོམས་སུ་མཉམ་ཞུགས་བཀག་འགོག་སོགས་བྱས་ཏེ། མི་ཧ་ཅང་མང་པོ་ཞིག་ལ་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་ཕོག་ཡོད་པ་རེད།

སྙན་ཐོའི་ནང་། རྒྱ་ནག་ནང་གི་ཁ་ཆེ་དང་ནང་པ་དེ་བཞིན་ཡི་ཤུའི་ཆོས་པར་མུ་མཐུད་དུ་གཞུང་གི་ཆོག་མཆན་ཡོད་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཕུད་པའི་ཆོས་འཁོར་སྒོམ་བསྒྲུབ་མི་སྣར་རྡུང་རྡེག་དང་སུན་གཙེར། བཙོན་འཇུག་དོ་དམ་བཅས་བྱེད་བཞིན་པ་དང་། ས་གནས་སྲིད་གཞུང་གི་ས་ཚོང་རིན་འབབ་ལ་ཕོག་ཐུག་གཏོང་བའི་དཔལ་འབྱོར་འཆར་འགོད་ལ་བརྟེན་ནས། ཁྱིམ་ཚང་ཁྲི་སྟོང་མང་པོ་བཙན་ཤེད་ཀྱིས་གནས་སྤོ་དང་ས་ཞིང་གཞུང་བཞེས་བཏང་ཡོད་པ་སོགས་འཁོད་ཡོད་འདུག

རྒྱ་ནག་གི་སྲོག་ཁྲིམས་ཀྱི་སྐོར་ལ། “རྒྱ་ནག་སྲིད་གཞུང་གིས་སྲོག་ཁྲིམས་གཏོང་བའི་ཁྲིམས་ལུགས་ཚད་གཞི་དམ་དུ་གཏོང་རྒྱུ་ཡིན་པར་བཤད་ཡོད་ཀྱང་། ད་དུང་སྔར་བཞིན་མི་བརྒྱ་སྟོང་མང་པོ་སྲོག་ཐོག་གཏོང་བཞིན་ཡོད་པ་རེད་”ཅེས་དང་།
སྙན་ཐོིའི་ནང་མུ་མཐུད་དུ་འཁོད་དོན། རྒྱ་ནག་སྲིད་གཞུང་གིས་ཉེན་ཅན་ཁྲིམས་ལུགས་བེད་སྤྱོད་དེ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་དྲག་གནོན་བྱེད་བཞིན་ཡོད་ཅིང་། སྒེར་གྱི་གྱོད་དོན་རྩོད་རྙོག་ཐག་གཅོད་ལ་རོགས་སྐྱོར་བྱས་པའི་ཁྲིམས་རྩོད་པར་འཇིགས་སྐུལ་དང་སུན་གཙེར་བཟོས་ཡོད་སྐོར་དང་། སྙན་ཐོའི་ནང་དུ་ད་དུང་རྒྱ་ནག་གི་ཁྲིམས་རྩོད་པ་ཁྲན་ཀོང་ཁྲན་དང་མང་གཙོ་ལས་འགུལ་བ་ཧྲི་ཁྲན་ཞི།  ལི་ཐེ།  ཀྲུའུ་ཡུ་ཧྥུ་བཅས་དང་།  གཞུང་གིས་རང་སྲོག་བཅད་དེ་རྐྱེན་འདས་སུ་སོང་ཡོད་ལུགས་བཤད་པའི་ལི་ཝང་ཡཱ་སོགས་ཀྱི་གནས་སྟངས་ཀྱང་བཤད་ཡོད་པ་རེད།

དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཏོན་པའི་སྙན་ཐོའི་ནང་དུ་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀུང་། ཐེ་ཝན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ཡང་ནན་བཤད་གནང་ཡོད་ཅིང་། དེའི་ནང་དུ་བོད་ནང་གི་གནས་སྟངས་སྐོར་བཤད་སྐབས།  རྒྱ་ནག་སྲིད་གཞུང་གིས་མུ་མཐུད་དུ་བོད་མི་རང་ཉིད་ཀྱི་ཡུལ་གོམས་གཤིས་ལུགས་ཀྱི་རིག་གནས་དང་བསྟུན་པའི་འཚོ་བ་སྐྱེལ་སྟངས་ཀྱི་དབང་ཆར་བཙན་འཕྲོག་བྱས་པ། བོད་མི་རྣམས་སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་ཐོག་ལ་མཐོང་ཆུང་དང་སྣང་མེད། འདས་པའི་ལོ་གཅིག་གི་རིང་རང་ལུས་མེར་སྲེག་བཏང་བའི་དགེ་འདུན་པ་དང་བཙུན་མ། མི་སྐྱ་བཅས་ཉུང་མཐའ་ཡང་ཁྱོན་བོད་མི་༨༣ ཙམ་བྱུང་ཡོད་ལུགས་གསལ་བཤད་བྱས་ཡོད་པ་རེད།