༄༅།།ངས་འདི་ལྟར་ཡིན་ན་མི་འདོད།
ཤ་རུས་ཁྲག་གསུམ་བོད་རིགས་ནས་བརྒྱུད་པའི་སྤེན་པ་ཚེ་རིང
ངས་ཁྱོད་ཀྱི་ལས་དབང་འདི་འདྲ་ཞིག་ཡིན་ན་མི་འདོད་
ངོ་མ་དུས་རབས་ཉེར་གཅིག་པ་འདིར
མགོ་ནག་བོད་པ་ཕལ་ཆེར་སྨྱོ་ཚར་བ་འདྲ
འགའ་ཞིག་ནི་ཕྱི་གླིང་དུ་འགྲོ་མ་ཚར་ནས་བཞུགས
འགའ་ཞིག་ནི་སྤུན་ཟླ་དང་རྒྱབ་འགལ་གྱི་བྱ་བ་བརྩམས
འགའ་ཞིག་ནི་ཉིན་མ་གང་འཁྱོལ་གྱི་བྱ་བ་ལ་བཞུགས
འགའ་ཞིག་ནི་ཁེ་དང་གྲགས་པའི་རྗེས་སུ་ཁྱི་བཞིན་རྒྱུག
ངོ་མ་སྐྱོ་ཀི་ཡ
མགོ་ནག་པ
ཁྱོད་ཀྱི་རྣམ་ཤེས་ལ་གདོན་བཞུགས་སོང་བ་ཨ་ཡིན
ངས་ཇི་ཙམ་བསམས་རུང
རང་སེམས་རང་གིས་ཇི་ཙམ་བསྣན་ཀྱང
ང་ཚོ་འདི་ལྟར་འཆི་ན་མི་འགྲིག
ང་ཚོ་འདི་ལྟར་སྨྱོ་ན་མི་འགྲིག
ང་ཚོ་འདི་ལྟར་དཔལ་འབྱོར་གྱི་གཡོག་ཏུ་སོང་ན་མི་འགྲིག
ཁྱོད་ཀྱིས་མ་མཐོང་ས་ནས
ངེས་ཚང་གི་མེས་པོས་གཟིགས་ནས་ཡོད་
མགོ་ནག་པ
ད་ལྟ་ཁྱོད་གཉིད་དུས་མ་རེད་
ཁྲག་དང་མིག་ཆུས་བྲིས་པའི་ལོ་རྒྱུས་ལ་ལྟོས་དང
མི་ཚེ་དང་མིག་ཆུ་མཉམ་པའི་སྤུན་ཟླ་ལ་གཟིགས་དང
ཕ་མ་མེད་པའི་དྭ་ཕྲུག་དེ་དག་ལ་གཟིགས་དང
ཕོ་བྲང་པོ་ཏ་ལའི་རེ་སྒུག་ལ་ལྟོས་དང
བཙན་བྱོལ་པ
ཁྱོད་འདི་ལྟར་ཕྱི་གླིང་དུ་བཞུགས་ན་མི་འགྲིག
ཁྱོད་འགྲོ་ས་ཕྱི་གླིང་དེ་བས་ཀྱང་མ་རེད
ང་ཚོའི་མི་རབས་དུ་མས
འཛམ་གླིང་གི་ས་ཕྱོགས་གང་སར་བཏང་བའི་མིག་ཆུ་ལ་སོམས་དང
ལོ་ན་རྒས་པའི་བླ་རྒན་དེའི་ངོ་གདོང་ལ་ལྟོས་དང
ཁྱོད་ཀྱི་མདུན་དུ་ལངས་པའི་ན་ཆུང་དེའི་ལས་དབང་ལ་སོམས་དང
ཁྱོད་ཀྱིས་འདི་བོད་པ་ཚད་ལྡན་ཞིག་ཡིན་ན་ཨེ་འདོད
མགོ་ནག་པ
ཁྱོད་ཀྱི་ཕ་ཡུལ་གང་དུ་ཡོད་པ་བརྗེད་མི་རུང་ལ
རང་ཉིད་ཀྱི་གནད་བབས་གང་འདྲ་ཞིག་ཡིན་པ་དེ་བས་ཀྱང་ཤེས་དགོས
ད་དུང་
ང་ཚོ་ལོག་འགྲོ་ས་ཧེ་མ་ལ་ཡའི་རི་རྒྱབ་ན་ཡོད་པ་ལས
རྒྱ་མཚོ་ཆེན་པོའོ་ཕར་ཕྱོགས་ན་གཏན་ནས་མེད
ཁྱོད་ཀྱི་བུ་རབས་འདི་དག་གི་བོད་སྐད་བཤད་དགོས་པ་ལས་
ཕ་མེས་ཀྱི་རང་སྐད་དང་མི་འབྲེལ་བ་ཞིག་གཏན་ནས་བཤད་མི་རུང
མགོ་ནག་པ
ལོངས་ཤོག་ཡ
ལོངས་ཤོག
བོད་བཙན་པོའི་ཕ་ས་ཡི་དོན་དུ་ལོངས་ཤོག
བུ་རབས་ཚ་རྒྱུད་ཀྱི་བདེ་སྡུག་དོན་དུ་ལོངས་ཤོག
གསང་ཉུལ་གྱི་གནས་ཚུལ་མཐོང་བ་དང་སེམས་ཚོར་ཤར་མར་བྲིས་པའོ