རང་བཙན་ཤོར་ནས་ལོ་དྲུག་ཅུ་རེ་གཉིས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༣༩  ཕྱི་ལོ་ ༢༠༡༣/༥/༢༢
ཕྱི་ལོ་༡༩༥༡ ཟླ་༥ ཚེས་༢༣ ཉིན་རྒྱ་དམར་དྲག་གཞུང་གི་བཙན་གནོན་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་མི་ལོ་ཧྲིལ་པོ་༦༢ འཁོར་བ་དང། དེ་ནི་ལོ་རྒྱུས་ཐོག་ནས་བོད་ཀྱི་རང་བཙན་ཤོར་བ་ཐོག་མ་དེ་ཡིན། ལོ་རྒྱུས་ནང་བོད་ལ་བཙན་འཛུལ་ཐེངས་མང་བྱུང་ཡང་།

ཆབ་སྲིད་ཀྱི་བདག་དབང་ཡོངས་སུ་ཤོར་བ་དུས་མཚམས་དེ་ནས་ངོས་འཛིན་བྱེད་དགོས། སྐབས་དེར་རྒྱ་གཞུང་གིས་གྲོས་མཐུན་དེ་འཇོག་དགོས་པའི་དམིགས་ཡུལ་ནི་བོད་ས་ཡོངས་རྫོགས་འགལ་རྐྱེན་གང་ཡང་མེད་པར་དབང་བསྒྱུར་བྱེད་ཐུབ་པའི་ཆེད་དུ་ཡིན་པ་དང། སྐབས་དེར་རྭ་སྟག་གི་དོན་རྐྱེན་སོགས་ལ་བརྟེན་ནས་སྡེ་པ་གཞུང་གི་ཆབ་སྲིད་ཀྱི་གནས་བབས་ཧ་ཅང་ཉག་ཕྲ་བའི་དུས་ཚོད་ཅིག་ཏུ་གྱུར་ཡོད་པས། བཙན་དབང་ལ་མགོ་བོ་མི་སྒུར་ཀ་མེད་དུ་གྱུར་ཡོད།

 

དེང་སྐབས་བཙན་བྱོལ་བོད་མི་ཁ་ཤས་ཀྱིས་ཀྱང་རིང་མོ་ཞིག་ནས་བོད་རང་བཙན་གྱི་གནས་བབས་ཡོད་མེད་ཐད་དོགས་པ་ཡོད་ཚུལ་ལྟ་བུའི་འགྲེལ་བཤད་ཡོང་གི་ཡོད་ཀྱང། ལོ་རྒྱུས་ནང་བོད་ལ་བཙན་འཛུལ་སླེབས་པ་ཙམ་གྱིས་བོད་ཀྱི་བདག་དབང་རྒྱལ་ཁབ་དེའི་ལག་ཏུ་ཤོར་སོང་བ་ཞིག་གཏན་ནས་མིན། གལ་སྲིད་དེ་ལྟར་ངོས་འཛིན་བྱེད་དགོས་ན་ལོ་རྒྱུས་ནང་བོད་ཀྱི་དམག་དཔུང་གིས་རྒྱ་ནག་ཐང་རྒྱལ་རབས་ཀྱི་ཕམ་མེད་དམག་དཔོན་གྲགས་ཅན་ཞུའེ་ཀུའི་རིན་ཕམ་པར་བྱས་ཤིང། ཕྱི་ལོ་༧༣༦ ལོར་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་མཁར་ཐེངས་གཉིས་ལ་ཕབ་པ་དང། ཐང་རྒྱལ་རབས་ལ་བཙན་ཤུགས་ཀྱིས་ལོ་ལྟར་བོད་ལ་ཁྲལ་འཇལ་དུ་བཅུག་པའི་ལོ་རྒྱུས་ཡོད་པ་དེ་ལ་བརྟེན་ནས། རྒྱ་ནག་བོད་ཁོངས་ཡིན་ཞེས་བརྗོད་ཆོག་པར་འགྱུར་ངེས་རེད།

གྲོས་མཐུན་དོན་ཚན་བཅུ་བདུན་མ་བཞག་གི་བར་དུ་བོད་རང་བཙན་གྱི་ངོ་བོར་གནས་ཡོད་པ་ལོ་རྒྱུས་ཀྱི་ཐོག་ནས་ཧ་ཅང་གསལ་པོ་རྟོགས་ཐུབ། བཙན་དབང་གིས་བཞག་པའི་ཡིག་ཆ་དེ་ཕྱི་ལོ་༡༩༥༩ ལོར་༧གོང་ས་མཆོག་བཙན་བྱོལ་དུ་འབྱོར་མ་ཐག གྲོས་མཐུན་གྱི་ནང་དོན་རྒྱ་གཞུང་གིས་ད་བར་རྩིས་མེད་རྡོག་རོལ་བཏང་ཡོད་པ་དང། ད་ནས་བཟུང་བོད་པའི་ངོས་ནས་ཀྱང་འགན་ཁུར་གང་ཡང་མེད་པར་རྩིས་མེད་ཡིན་ཞེས་གསལ་བསྒྲགས་གནང་ཡོད། དེ་ནས་བཟུང་དུས་ཚིགས་དེར་བཙན་བྱོལ་བོད་མི་ཡོངས་ཀྱིས་ངོ་རྒོལ་གྱི་རྣམ་འགྱུར་འདྲ་མིན་བསྟན་པ་དང། ཕྱི་ཟླ་༥ པའི་ཚེས་༢༣ གྱི་ཉིན་མོ་དེ་ནི་བོད་པའི་ལོ་རྒྱུས་ནང་ནས་ཆེས་མུན་ནག་གི་ཉིན་མོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།

བཙན་བྱོལ་བོད་གཞུང་གི་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་བྱ་རྒྱུའི་ཐག་གཅོད་བྱུང་བ་ནས་བཟུང། རྒྱ་ནག་གཞུང་གི་མངའ་འོག་ཏུ་སྡོད་རྒྱུ་ཡིན་པ་ཡིག་ངག་གཉིས་ནས་ཁ་གསལ་གྱིས་བརྗོད་ཡོད་ཀྱང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དོན་ཚན་བཅུ་བདུན་ལ་མུ་མཐུད་དུ་ངོ་རྒོལ་གྱི་རྣམ་འགྱུར་ཆད་མྱོང་མེད། དཔེར་ན་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་སུ་ཤར་བསྐྱོད་བྱེད་མཁན་ཡིན་ཚུལ་བསྒྲགས་པའི་ཚོགས་པ་ཁག་ཅིག་གིས་ཀྱང་ཉིན་མོ་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད། དེ་ཚོ་ནི་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་གསལ་སྟོན་བྱེད་ཆེད་དུ་ཡིན་པ་ངོས་འཛིན་བྱེད་དགོས་པ་ཞིག་ཡིན་སྲིད་པ་ལས། མ་འོངས་བོད་ཀྱི་གནས་བབས་རྩོད་ལེན་བྱ་རྒྱུའི་ཐོག་ནས་བཤད་ན་ད་ལྟའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཤིག་རྩོད་བཞིན་པ་དེ་ལས། དོན་ཚན་བཅུ་བདུན་དུ་འཁོད་པ་དེ་དག་ཚད་མཐོ་བ་ཡོད་པ་ཡིག་ཐོག་ཏུ་ཡོད་པས་གསལ་པོ་ཤེས་ཐུབ།

ཁ་ཤས་ཀྱིས་དོན་ཚན་བཅུ་བདུན་གྱི་ནང་དོན་ལྟར་ན་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོགས་སུ་ཡོད་པའི་བོད་རིགས་རྣམས་ཚུད་ཀྱི་མེད་ཚུལ་བརྗོད་བཞིན་ཡོད་ཀྱང། དོན་དངོས་ཐོག་ཡིག་ཆ་དེའི་ནང་དུ་བོད་ཅེས་པ་ལས་བོད་རང་སྐྱོང་ལྗོངས་ཞེས་པའི་ཐ་སྙད་ཅིག་མགོ་མཇུག་གང་དུའང་བཀོད་མེད། ད་དུང་སྐབས་དེ་ཤེད་ཅིག་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱིས་རང་སྐྱོང་ལྗོངས་ཤིག་འཛུགས་རྒྱུའི་སྐོར་ལ་གྲོས་བསྡུར་བྱུང་ཡོད་པ་མ་ཟད། རྒྱ་གཞུང་གིས་ཚོགས་ཆུང་ཞིག་ཀྱང་བསྐོ་གཞག་བྱེད་མྱོང་ཡང་རིང་པོ་མ་ཐོགས་པར་རྒྱ་གཞུང་གི་དབང་འཛིན་པ་ཕལ་མོ་ཆེ་གཡོན་ཕྱོགས་སུ་འགྲོ་ཐལ་ཆེ་བས། སྲིད་བྱུས་དེ་ལམ་ལྷོང་བྱུང་མེད་ཀྱང། དོན་ཚན་བཅུ་བདུན་ནང་ཆོལ་ཁ་གསུམ་གཏན་ནས་ཚུད་མི་ཆོག་པ་ཞིག་མ་ཡིན་པ་ར་སྤྲོད་བྱས་པ་རེད།

ཧུའུ་ཅིན་ཐའོ་སྲིད་འཛིན་མ་ཆགས་པའི་སྔོན་ལ་ཉི་ཧོང་གི་གསར་ལམ་ཞིག་ཏུ་བོད་དོན་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ནང་དོན་བཞིན་ཐག་གཅོད་བྱེད་ཆོག་ཚུལ་བརྗོད་ནས། བོད་པ་དོ་སྣང་ཅན་མང་པོ་ཞིག་གིས་རེ་བ་ཆེན་པོ་བརྒྱབ་ཡོད་ཀྱང། སྲིད་འཛིན་དུ་སླེབས་པའི་སྐབས་སུ་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་གཙོ་གཞོན་པས་གཙོས། འབྲེལ་ཡོད་དཔོན་རིགས་ཚོས་༧གོང་ས་མཆོག་དང་བོད་ཀྱི་གནད་དོན་ལ་བསྐུར་འདེབས་དང་སྒྲོ་འདོགས་ཚད་ལས་བརྒལ་བ་བྱས་ནས། བོད་རིགས་གང་མང་ཞིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་རང་བཙན་གྱི་ཕྱོགས་སུ་བཙན་གྱིས་དེད་ཡོད་པ་དང། བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་ཚེ་སྲོག་ཀྱང་བློས་གཏོང་དགོས་བྱུང་ཡོད། མདོར་ན་ད་ལྟའི་ཆར་བོད་རྒྱའི་གནད་དོན་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡིན་ཞེས་རྒྱ་གཞུང་གིས་བསྒྲགས་བཞིན་ཡོད་པས། མུན་ནག་གི་ཉིན་མོ་འདི་ལ་ངོས་འཛིན་གསལ་པོ་ཞིག་སླར་ཡང་བྱེད་དགོས་པ་དེ་ཧ་ཅང་གལ་ཆེ།།